༄༅།།ཤན་པ་དམར་པོ་དེས་གུར་དཀར་ལ་བླངས་པའི་གླུ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཧོར་གླིང་གཡུལ་འགྱེད་སྨད་ཆ་ལས་དྲངས། སྤེལ་དུས། 01-03


སྡིག་གཅོད་ཤན་པ་རྒྱལ་པོ་དེས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་ནས། ཡ། ཡ། ཧོར་གུར་དཀར་རྒྱལ་པོ་སྟག་ཞུ་ཅན། ཁ་སང་ཧོར་ཆུ་ཁམ་པའི་སྦ་ཆེན་ཉ་ཚང་གོང་མ་ལ། ཉ་ཆེན་གཞན་དང་མི་འདྲ་བ་དེ་འོང་དོན་ཅི་རེད། ཐེའུ་རང་སྤུན་གསུམ་གྱི་བླ་རྡོ་བྱིན་པ་དེ་མ་བཟང་གདའ། དེས་མི་ཚད། རྒྱལ་མོ་འབྲུག་མོའི་གདུ་བུ་དེ་ཡང་མཉམ་དུ་ཟོས། བདུད་ཀྱི་ཡིག་ཚང་གོང་མ་ན་ཉ་ཞིག་འོང་བ་བཤད་ཡོད་དེ། འདི་འདྲ་གཅིག་འོང་བ་བཤད་མེད་ཟེར་ནས་གླུ་འདི་ལྟར་བླངས་སོ། །

   གླུ་ཐ་ལ་ལ་མོ་ཐ་ལ་ལེན། །

   གླུ་ཨ་ལ་ལ་མོ་ཨ་ལ་ལེན། །

   གླུ་མཁྱེན་པས་གཟིགས་དང་ཧོར་གྱི་ལྷ། །

   སྤྱིར་མཁྱེན་ནོ་ཧོར་གྱི་དགྲ་ལྷ་མཁྱེན། །

   ཡང་མཁྱེན་ཧོར་གྱི་ཟོ་དོར་མཁྱེན། །

   སྒེར་མཁྱེན་ལྕོག་ལྷ་མཚལ་རྩེ་མཁྱེན། །

   ས་འདིའི་ས་ངོ་མ་ཤེས་ན། །

   ཡ་རྩེ་དཀར་མོའི་ནང་རོལ་རེད། །

   ང་དང་ང་ངོ་མ་ཤེས་ན། །

   སྡིག་གཅོད་ཤན་པ་རྒྱལ་པོ་ཡིན། །

   གསེར་ཁྲི་སེར་པོའི་ཡང་སྟེང་ནས། །

   མཐོ་ལ་དེ་ཡན་མེད་ས་ནས། །

   སྟག་ཐུལ་ཁྲ་མོའི་ནང་ཤེད་ནས། །

   འཇམ་ལ་དེ་ཡན་མེད་ས་ནས། །

   ཧོར་གུར་དཀར་རྒྱལ་པོ་ཝ་དགུ་མ། །

   བཙན་ལ་དེ་ཡན་མེད་ས་ནས། །

   སྙན་ལྷན་ནེ་ཨ་ཕོའི་གླུ་ལ་གསོན། །

   ཧོར་རྗེ་གནམ་གྱི་རྒྱལ་པོ་ལ། །

   སྤྱི་མིང་སྟག་ཞུ་རྒྱལ་པོ་ཟེར། །

   སྒེར་མིང་གུར་དཀར་རྒྱལ་པོ་ལགས། །

   ངན་མིང་མི་འདྲ་དགུ་འཐུད་བཏགས། །

   ཁྱི་ཁ་ར་ཡི་ཐོད་པ་ལགས། །

   ཧོར་ཆུ་ཁམ་པ་གཞུང་དྲུག་གི །

   སྦ་ཆེན་ཉ་ཚང་གོང་འོག་ལ། །

   འདི་འདྲའི་ཉ་ཞིག་འོང་དོན་མེད། །

   བདུད་ཀྱི་ཡིག་ཚང་རྣམ་གསུམ་གྱི། །

   ཆགས་ཆེན་ཡིག་ཚང་གོང་མའི་ནང་། །

   ཧོར་གྱི་བླ་ཉ་སྤུན་གསུམ་དེ། །

   ཧོར་ཆུ་ཁམ་པའི་སྦ་ཚང་ལ། །

   ཡོང་བཤད་ཡོད་དེ་འདི་འདྲ་མེད། །

   ཁེ་ཉིན་ཉ་ཚང་གོང་མ་ཡི། །

   ཉ་ཆེན་དཔྲལ་བ་ཁ་ཆེ་དེ། །

   གྲུབ་ཐོབ་ཅིག་གི་སྤྲུལ་པ་འདྲ། །

   ཉ་མགོ་རི་དང་འདྲ་འདྲ་རེད། །

   སྤྱན་མིག་གཟི་ལ་གྲུབ་ནས་གདའ། །

   འོད་ཟེར་ཉིམ་རང་ཤར་འདྲ། །

   རྐེད་པ་ཆུ་ལ་མ་ཤོང་གདའ། །

   སྒལ་རྒྱུད་མཆོང་ལ་གྲུབ་ནས་གདའ། །

   སྨུག་འཁྱིལ་འཁྱིལ་རྩི་ཤིང་སྒྲིབ་ལེ་གདའ། །

   ཉ་རྔ་དགུང་ལ་གཡུགས་ཤིང་གདའ། །

   དགུང་སྔོན་པོར་ལག་གཡུག་བྱེད་ཅིང་གདའ། །

   ཉ་རང་བཞིན་གཅིག་དང་མི་འདྲ་གདའ། །

   སུ་བྱུང་ན་ཡོས་འབྲུ་འཐུ་འཐུ་རེད། །

   སངས་རྒྱས་སྐྱབས་ཚང་མ་གཏོགས་པའི། །

   གྲུ་པ་སྡེ་ཤོག་བཅུ་གཉིས་དེ། །

   ནག་ཉིག་གེ་ཆུ་ལ་བཏབ་ནས་ཐལ། །

   ཨ་ཆེན་ངོམ་ཐང་སྐྱ་མོ་ན། །

   སྔོ་ཉི་ལེར་རྒྱ་མཚོ་འཁྱིལ་ནས་བྱུང་། །

   ཐེའུ་རང་གསུམ་གྱི་བླ་རྡོ་དེ། །

   ལྕེ་ལྡག་གིས་ཁྱུར་མིད་བྱས་ནས་ཐལ། །

   ཐ་མ་ངོམ་ཐང་སྐྱོ་མོ་དེ། །

   སྐྱ་ཆག་གེས་གྲམ་ཐང་བཤལ་ནས་ཐལ། །

   ཉ་དེ་འདྲ་འོང་དོན་ཡེ་ནས་མེད། །

   དཔྱད་ལོང་མེད་པའི་གུར་དཀར་དཔོན། །

   ལྟ་ལོང་མེད་པའི་ཁས་ལེན་གཉིས། །

   ཉན་ལོང་མེད་པའི་མོ་སྨན་གསུམ། །

   འདྲ་འདྲ་མཉམ་དུ་མཚུངས་ལུགས་རེད། །

   ཆགས་ཆེན་ཡིག་ཚང་གོང་མ་རུ། །

   བསྐལ་བའི་ལེ་ལོག་མ་བྱུང་ན། །

   སྦ་ཆེན་ཉ་ཚང་གོང་མ་ལ། །

   གཙང་ཉ་མཆོང་གི་གཞུ་གུ་ཅན། །

   གུར་སེར་རྒྱལ་པོའི་བླ་ཉ་ཡིན། །

   བར་ཐེལ་ཁྲ་མོའི་རྟེན་རྫས་ཡིན། །

   དུང་ཉ་གསེར་གྱི་གཞུ་གུ་ཅན །

   གུར་དཀར་རྒྱལ་པོའི་བླ་ཉ་ཡིན། །

   གནམ་ཐེལ་དཀར་པོའི་རྟེན་རྫས་ཡིན། །

   གཡུ་ཉ་ལྕགས་ཀྱི་ཨོག་ཚོམ་ཅན། །

   གུར་ནག་རྒྱལ་པོའི་བླ་ཉ་ཡིན། །

   ས་ཐེལ་ནག་པོའི་རྟེན་རྫས་ཡིན། །

   ཉ་དེ་གསུམ་སྐམ་ལ་འོངས་པ་ན། །

   ཐེའུ་རང་བླ་རྡོ་སྤུན་གསུམ་དེ། །

   བླ་ཉ་གསུམ་ལ་མཆོད་པ་གྱིས། །

   བ་མ་མི་ལག་མ་ཤོར་ན། །

   ཧོར་སེར་ཅི་བསམ་འགྲུབ་ལེ་ཡིན། །

   ཟེར་ལེ་ཡིག་ཚང་ནང་ན་ཡོད། །

   ཉ་འདི་འདྲ་འོང་ཟེར་ཡེ་ནས་མེད། །

   ད་བསྐལ་པ་དུས་ཀྱི་ཐ་མ་ལ། །

   ཉ་སྤུན་གསུམ་ཆུ་ཁར་བྱུང་བའི་དུས། །

   ཧོར་སེར་མིག་གིས་ལྟ་བ་ལས། །

   ལྕགས་ཀྱི་རིལ་བུ་ནག་ཆུང་དང་། །

   མགུལ་གཡུ་རིན་ཆེན་བུམ་པ་གཉིས། །

   ཐེའུ་རང་སྨན་གྱི་རྐྱལ་བ་གསུམ། །

   ཟད་མེད་དུང་གི་འོ་མ་བཞི། །

   ས་སྟེང་འདི་ནས་རྙེད་རྒྱུ་མེད། །

   ཧོར་གྱ་ཕ་ནོར་རྣམ་བཞི་དེ། །

   ཅང་མ་བསམས་ཉ་ལ་བྱིན་ཚར་འདུག །

   ལ་ཆེན་འདྲ་མ་བཤད་པས་ན། །

   འགྲོལ་ལོང་མེད་པར་གཅོད་རྒྱུ་དེ། །

   རྒྱལ་པོ་ཁྱོད་རང་ལས་ལུགས་རེད། །

   ཐོས་ལོང་མེད་པར་བཤད་རྒྱུ་དེ། །

   རྒྱལ་མོ་འབྲུག་མོའི་རང་བཞིན་རེད། །

   དཔྱད་ལོང་མེད་པར་གཏམ་རྒྱུ་དེ། །

   སེར་པོ་ཧོར་གྱི་བཤད་སྲོལ་རེད། །

   རང་དོན་གཞན་ལ་ཤོར་དོགས་ཀྱིས། །

   ད་རུང་སྣང་བ་དགུང་དང་མཉམ། །

   དཔོན་གསེར་ཁྲི་ཁར་འདུག་མི་དེ། །

   མི་ཆེན་གཟི་བརྗིད་ཅན་ཞིག་དགོས། །

   སྡེ་ཆེན་མགོ་ནས་འཛིན་མི་དེ། །

   བརྟན་བརླིང་བ་གཅིག་དགོས་ལེ་ཡིན། །

   ཧོར་སེར་པོའི་མགོ་དཔོན་བྱེད་མི་དེ། །

   ཕོ་ཆགས་ཆེན་མི་གཅིག་དགོས་ལེ་ཡིན། །

   དཔོན་ཆེན་པོའི་ཇ་མ་བྱེད་མི་དེ། །

   ཟས་བྲོ་ཕུད་ཅན་གཅིག་དགོས་ལེ་ཡིན། །

   དེ་ཨེ་གོ་རྒྱལ་པོ་གུར་དཀར་ལགས། །

   ཉི་མ་དེ་རིང་ཕན་ཆད་ནས། །

   དེ་སྔ་ཐོན་ཚད་ཐོན་ལེ་རེད། །

   ད་ནི་གུར་དཀར་གནམ་གྱི་བུ། །

   ཡ་རྩེ་དཀར་མོའི་ནང་རོལ་ནས། །

   གུར་དཀར་སྐུ་མཚམས་བཞུགས་རྒྱུ་གྱིས། །

   དོན་མེད་འགྲུལ་བ་མ་ཐུག་གྱིས། །

   རྒྱ་རག་གེས་མཚམས་ལ་མ་བསྡད་ན། །

   ཡ་ཐོད་སྤྲེལ་འདྲ་སྤྲེལ་ལ་རིག །

   སྤྲེལ་གཉེར་མ་ཅན་གྱི་རྒྱལ་པོ་འདི། །

   ལག་པ་ཐང་ཆུ་འབྱར་ལེ་ཡོད། །

   ངོ་རྐེད་ཞེའུ་ཁྱི་ལ་རིག །

   ཁྱི་མཆེ་བ་ཅན་གྱི་རྒྱལ་པོ་འདི། །

   ཁྱི་རྔ་རླུང་གིས་སྐྱོད་ལེ་ཡོད། །

   ངོ་སྨད་ཙེ་ཙེ་ར་ལ་རིག །

   ར་རོགས་དད་ཆེ་བའི་རྒྱལ་པོ་འདི། །

   ཁ་ཨོག་ཚོམ་ཤ་ལེར་བཤའ་ལེ་ཡོད། །

   དེ་བས་རྒྱལ་པོ་སྐུ་མཚམས་སྡོད། །

   འགྲོ་འདུག་མང་ན་ཁྱི་ལ་ཐུག །

   བྱ་ལག་མང་ན་བྱིས་རྐང་ཆག །

   བྱེད་རྒྱུ་མང་ན་རང་ཡུལ་ཕུང་། །

   དེ་ཨེ་གོ་རྒྱལ་པོ་རིན་པོ་ཆེ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1