རྒྱལ་ཡོངས་སྲིད་གྲོས་ཀྱིས་ལོ་གསར་གྱི་ཇ་སྟོན་ཚོགས་འདུ་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-03


2022ལོའི་ཟླ་12ཚེས་30ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིང་དུ་ལོ་གསར་གྱི་ཇ་སྟོན་ཚོགས་འདུ་འཚོགས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཝང་ཆི་ཧྲན་སོགས་ཇ་སྟོན་ཚོགས་འདུར་ཞུགས་པ་དང་འབྲེལ་འཁྲབ་སྟོན་ལ་གཟིགས་པ།

        རྒྱལ་ཡོངས་སྲིད་གྲོས་ཀྱིས་ལོ་གསར་གྱི་ཇ་སྟོན་ཚོགས་འདུ་འཚོགས་པ། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ། ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཝང་ཆི་ཧྲན་བཅས་ཞུགས་པ།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་2022ལོའི་ཟླ་12ཚེས་30ཉིན་གྱི་སྔ་དྲོ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་ཁང་དུ་ལོ་གསར་གྱི་ཇ་སྟོན་ཚོགས་འདུ་འཚོགས་པ་རེད། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཝང་ཆི་ཧྲན་སོགས་དང་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་དང་། ཏང་ཤོག་གང་ལའང་མ་གཏོགས་པའི་མི་སྣའི་འཐུས་མི། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བ་དང་དེ་བཞིན་རྒྱལ་སའི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣའི་འཐུས་མི་བཅས་ལྷན་དུ་འཛོམས་ནས་2023ལོའི་གནམ་ལོ་གསར་ཚེས་ལ་བསུ་བ་ཞུས་པ་རེད།

        ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཇ་སྟོན་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས། 2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་གྱི་འགོ་ཚུགས་ལོ་ཞིག་རེད། འགོ་འཛུགས་དེ་སྤྱི་ཡོངས་དང་འབྲེལ་བ་ཡོད་པ་དང་འགོ་འཛུགས་ཀྱིས་འབྱུང་འགྱུར་གྱི་ལམ་བུ་གཏན་འཁེལ་བྱེད་ཀྱི་ཡོད། ང་ཚོས་འཐབ་རྩོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་འགྲན་སློང་བསུ་བ་དང་འབད་འབུངས་ཡར་བརྩོན་ལ་བརྟེན་ནས་འབྱུང་འགྱུར་བཏོད་དེ་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་མངོན་འགྱུར་ཧུར་ཐག་བྱས་ནས། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་ཆེད་རྨང་གཞི་ཡག་པོ་འདིང་དགོས་པའི་ནན་བཤད་གནང་བ་རེད།

        ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་ནས་དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས། སྤུན་ཟླ་ཤང་ཀང་བ་དང་། སྤུན་ཟླ་ཨའོ་མོན་བ། སྤུན་ཟླ་ཐའེ་དབན་བ། ཕྱིར་སྡོད་རང་མི་བཅས་དང་དེ་བཞིན་ཀྲུང་གོའི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་ཁག་གི་གྲོགས་པོ་ཚོར་དུས་ཆེན་གྱི་འཚམས་འདྲི་དང་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཞུས་པ་རེད།

        ཞི་ཅིན་ཕིང་གིས། 2022ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལོ་རྒྱུས་ཐོག་ཧ་ཅང་གལ་འགངས་ཆེ་བའི་ལོ་ཞིག་རེད། ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་འཆར་གཞི་བཀོད་ཡོད། ང་ཚོས་བརྟན་ཐོག་ཡར་འཕེལ་གྱི་ལས་དོན་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། དཔལ་འབྱོར་འཕར་རྒྱུ་རྒྱུན་འཁྱོངས། འབྲུ་རིགས་ལ་ལོ་ལེགས། ལས་ཞུགས་དང་ཟོག་གོང་བརྟན་པོ་རྒྱུན་འཁྱོངས་བཅས་བྱུང་ཡོད། ང་ཚོས་དུས་བསྟུན་བབ་བསྟུན་ངང་སྔོན་འགོག་དང་ཚོད་འཛིན་གྱི་ཐབས་ཇུས་ལེགས་སུ་བཏང་སྟེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་བྱས་པ་དང་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆུང་དུ་བཏང་ཡོད། ང་ཚོས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་བདེ་བླག་ངང་གཉེར་ཡོད། ང་ཚོས་ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་ཡོད། ང་ཚོས“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་གྱི་བྱེད་སྤྱོད་དང་ཕྱི་རོལ་ཕྱོགས་གཏོགས་ཀྱི་ཐེ་ཇུས་ལ་འཐབ་རྩོད་མཐའ་གཅིག་ཏུ་བྱས་ཡོད། ང་ཚོས་མུ་མཐུད་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་སྐུལ་འདེད་བཏང་ནས་ཕྱི་ཕྱོགས་ཁོར་ཡུག་སྤྱི་ཡོངས་ནས་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱས་ཡོད། གྲུབ་འབྲས་འདི་དག་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པར། དེ་ནི་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་བློ་བརྟན་འགྱུར་མེད་ཀྱིས་འབད་འཐབ་བྱས་པའི་འབྲས་བུ་ཞིག་རེད་ཅེས་གསུངས་པ་རེད།

        ཞི་ཅིན་ཕིང་གིས། 2022ལོར་མི་དམངས་སྲིད་གྲོས་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་གཙོ་བོ་ཆེན་པོ་གཉིས་མཐའ་འཁྱོངས་དང་། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས། སྲིད་དོན་ཇུས་འབུལ་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་དང་ཕྱོགས་གཉིས་ནས་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་ཐུན་མོང་ཕྱུག་འགྱུར་སོགས་ལ་སྐུལ་འདེད་ཏན་ཏིག་གཏོང་བར་དམིགས་ནས་གྲོས་མོལ་བྱས་ཏེ་འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ཐད་དམངས་གཙོའི་ལྟ་སྐུལ་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་ཕུལ་ཡོད། དམངས་གཙོ་ཏང་ཤོག་ཁག་དང་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་གཅིག་རྗེས་གཉིས་མཐུད་ངང་སྐབས་བརྗེ་བ་དང་སྐབས་གསར་པའི་འགོ་ཁྲིད་སྒྲིག་གཞི་བདམས་ཐོན་བྱུང་ནས་ཆབ་སྲིད་རྩིས་སྤྲོད་རྩིས་ལེན་ཟབ་ཏུ་བཏང་སྟེ་ཏང་མང་མཉམ་ལས་ཀྱི་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་དང་རྩ་འཛུགས་ཀྱི་རྨང་གཞི་སྔར་བས་བརྟན་དུ་བཏང་ཡོད་ཅེས་གསུངས་པ་རེད།

        ཞི་ཅིན་ཕིང་གིས། ལོ་གསར་པར་མི་དམངས་སྲིད་གྲོས་ཀྱིས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཏང་གི་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཟབ་མཐའ་འཁྱོངས་ཀྱིས། གྲོས་མོལ་སྤེལ་རེས་གཏིང་ཟབ་དང་། བསམ་འཆར་གང་ལེགས་མཚོན་པ། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་བ་བཅས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་དམིགས་ཚད་ལས་འགན་མངོན་འགྱུར་བྱ་ཆེད་བློ་གྲོས་དང་སྟོབས་ཤུགས་དེ་བས་ལེགས་པའི་ངང་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ་རེད།

        ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་པར་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གིས་ཐུན་མོང་འབད་འཐབ་བྱེད་དགོས། ང་ཚོས་ཆེས་རྒྱ་ཁྱབ་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། དམངས་སེམས་གཅིག་སྡུད་དང་། སྟོབས་ཤུགས་མང་པོ་གཅིག་སྡུད། ཚང་མའི་བློ་གྲོས་གཅིག་སྡུད་བཅས་བྱས་ཏེ་སེམས་མཐུན་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས་ཞེས་གསུངས་པ་རེད།

        ཇ་སྟོན་ཚོགས་འདུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་གཙོ་སྐྱོང་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1