2023ལོའི་གནམ་ལོ་གསར་ཚེས་ཀྱི་གུང་གསེང་རིང་རྒྱལ་ནང་དུ་ཡུལ་སྐོར་བྱེད་མཁན་མི་ཐེངས་ཁྲི་5271.34ཟིན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 01-05


2023ལོའི་གནམ་ལོ་གསར་ཚེས་ཀྱི་གུང་གསེང་རིང་རྒྱལ་ནང་དུ་ཡུལ་སྐོར་བྱེད་མཁན་མི་ཐེངས་ཁྲི་5271.34ཟིན་པ།

རྒྱལ་ནང་གི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་265.17ཟིན་པ།

        འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་2ཉིན་གསར་འགོད་པས་རིག་གནས་དང་ཡུལ་སྐོར་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། རིག་གནས་དང་ཡུལ་སྐོར་པུའི་གྲངས་གཞི་ལྟེ་གནས་ཀྱིས་ཚོད་རྩིས་བྱས་པ་ལྟར་ན། 2023ལོའི་གནམ་ལོ་གསར་ཚེས་ཀྱི་གུང་གསེང་རིང་རྒྱལ་ཡོངས་ཀྱི་རྒྱལ་ནང་དུ་ཡུལ་སྐོར་བྱེད་མཁན་མི་ཐེངས་ཁྲི་5271.34ཟིན་པ་དེ་དུས་མཚུངས་ལས་0.44%འཕར་བ་དང་། བསྡུར་གཞི་ཡོད་པའི་ཚད་གཞི་ལྟར་2019ལོའི་གནམ་ལོ་གསར་ཚེས་ཀྱི་གུང་གསེང་རིང་གི་དུས་མཚུངས་ཀྱི་42.8%བར་སླར་གསོ་བྱུང་ཡོད། རྒྱལ་ནང་གི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་265.17ཟིན་པ་དེ་དུས་མཚུངས་ལས་4.0%འཕར་ནས་2019ལོའི་གནམ་ལོ་གསར་ཚེས་ཀྱི་ངལ་གསོའི་ཉིན་མོའི་དུས་མཚུངས་ཀྱི་35.1%བར་སླར་གསོ་བྱུང་ཡོད། རྒྱལ་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་གྱི་ངལ་གསོའི་ཉིན་མོའི་ཁྲོམ་ར་སྤྱིའི་ཆ་ནས་བདེ་འཇགས་དང་། བརྟན་པོ། གོ་རིམ་ལྡན་པ་བཅས་ཡོད།

        གྲོང་ཁྱེར་ཆེ་མོའི་སྤྲོ་གསེང་དང་ཉེ་འཁོར་ཡུལ་སྐོར་གྱིས་སྔར་བཞིན་གཙོ་བོ་བཟུང་བ་དང་། ལམ་ཐག་རིང་འབྲིང་གི་ཡུལ་སྐོར་བརྟན་པོའི་ངང་སླར་གསོ་བྱུང་ཞིང་། གནམ་ལོ་གསར་ཚེས་རིང་གྲོང་ཁྱེར་ཉེ་འཁོར་དུ་ཡུལ་སྐོར་དང་། ལམ་ཐག་ཉེ་སར་ཡུལ་སྐོར། སྤྲོ་གསེང་ཡུལ་སྐོར་བཅས་ནི་སྔར་བཞིན་གཙོ་བོ་ཡིན་པ་དང་། གངས་འཁྱགས་དང་། ཆུ་ཚན། སྤྲོ་སྐྱིད་གླིང་། མཚེའུ། སྒར་སྡོད། ཁྲོམ་གཞུང་གི་སྤྲོ་གསེང་། གནའ་གྲོང་ཡུལ་སྐོར། ཤོག་སྦག་ལ་ལྟ་བ། རི་འཛེག་སོགས་སྤུས་ལེགས་རོལ་རྩེད་མྱོང་རོལ་ལ་ན་གཞོན་ཚོས་དགའ་པོ་བྱེད་ཀྱི་ཡོད། པེ་ཅིང་ཡོན་མིང་ཡོན་དང་། དབྱི་ཧོ་ཡོན། ཙི་ཀྲུའུ་ཡོན། ཧྲེ་ཁྲ་ཧའེ་སོགས་ཀྱིས་དུས་མཉམ་དུ་ངལ་གསོའི་རིང་གི་འཁྱག་རའམ་ཡང་ན་གངས་ཤུད་ར་བའི་བྱེད་སྒོ་སྤེལ་ནས་ཁྱིམ་ཚང་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ཡོད། བྱང་ཤར་གངས་འཁྱགས་འཛམ་གླིང་ཆེ་མོ་དང་། ཡ་པུའུ་ལི། ཁྲང་པའེ་ཧྲན་རི་བོ། ཀྲུང་གོའི་གངས་ཀྱི་ཕ་ཡུལ། བྱང་སྣེའི་མོ་ཧོ་སོགས་རྩེར་སོན་གྱི་གངས་འཁྱགས་ཡུལ་སྐོར་བྱ་ཡུལ་དུ་ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་གངས་འཁྱགས་ཀྱི་སྤྲོ་སྣང་སྣ་ཚོགས་མྱོང་རོལ་བྱས་ཡོད། ལམ་ཐག་རིང་འབྲིང་གི་ཡུལ་སྐོར་བརྟན་པོའི་ངང་སླར་གསོ་བྱུང་ནས་འབྲི་ཆུའི་ཟུར་གསུམ་ཁུལ་དང་ཀྲུའུ་ཅང་གཙང་པོའི་ཟུར་གསུམ་ཁུལ་དེ་ཉིད་ལྷོ་ནུབ་དང་། ནུབ་བྱང་། དབུས་རྒྱུད་བཅས་ས་ཁུལ་གྱི་ཡུལ་སྐོར་བྱ་ཡུལ་གཙོ་བོར་གྱུར་པ་དང་། སན་ཡ་དང་། ཤིས་ཧྲོང་པན་ནཱ། ཁུན་མིང་། ཞ་མོན་སོགས་པེ་ཅིང་དང་བྱང་ཤར་ཞིང་ཆེན་གསུམ་གྱི་ཡུལ་སྐོར་བའི་ཡུལ་སྐོར་བྱ་ཡུལ་གཙོ་བོར་གྱུར་ཡོད།

        དམངས་སྲོལ་ཉམས་ལེན་གྱིས་སྲོལ་རྒྱུན་རིག་གནས་ཕུན་སུམ་ཚོགས་སུ་བཏང་བས་ལོ་གསར་གྱི་རྣམ་པ་རིམ་བཞིན་མངོན། གནམ་ལོ་གསར་ཚེས་རིང་དགའ་སྤྲོའི་དཔལ་ལ་རོལ་བའི་ལོ་གསར་བྱེད་སྒོར་ན་གཞོན་ཚོའི་དགའ་བསུ་ཆེན་པོ་ཐོབ་པ་དང་། ས་གནས་ཁག་གི་གློག་འོད་འགྲེམས་སྟོན་དང་། ཤོག་སྦག་སྤོར་བ། ལོ་གསར་གྱི་ཅོང་རྡུང་སོགས་ཀྱི་རིག་གནས་མྱོང་རོལ་བྱེད་སྒོར་དགའ་བསུ་རྒྱ་ཁྱབ་ཐོབ་ཡོད། ཧྲང་ཧའེ་ཏི་ཧྲི་ཉི་དང་། ཁྲང་ཧྲ་ཅུས་ཙེ་ཀྲོའུ་ཐོའུ། ཧྲེན་ཀྲེན་འཛམ་གླིང་སྐར་ཁུང་བཅས་དང་དེ་བཞིན་ཤང་ཀང་དང་ཨའོ་མོན་སོགས་ཀྱིས་ཤོག་སྦག་སྤར་ནས་ལོ་གསར་ལ་བསུ་བ་ཞུས་པ་དང་། ནན་ཅིང་ཉིའུ་ཧྲོའུ་ཧྲན་དང་། ཝུའུ་ཤིས་ལིང་ཧྲན། སུའུ་ཀྲོའུ་ཧན་ཧྲན་དགོན་སོགས་ཀྱིས་ཅོང་བརྡུངས་ནས་སྨོན་འདུན་ཞུ་བའི་བྱེད་སྒོ་སྤེལ་བ། ཧྲང་ཧའེ་ཝེ་ཐན་དང་། ཁྲེང་ཏུའུ་ཧྲོང་ཙེ་ཐཱ། ཝུའུ་ཧན་ཅང་ཧན་ལམ། ཁྲུང་ཆིང་བཅིངས་འགྲོལ་རྡོ་རིང་སོགས་ས་ཆར་མི་ཁྲི་མང་པོས་མཚན་མོའི་ཚུ་ཚོད་བཅུ་གཉིས་ལ་ལྡོག་རྩིས་བརྒྱབ་ནས་ལོ་གསར་པར་བསུ་བ་ཞུས་པ། པེ་ཅིང་པ་ཏ་ལིན་ལྕགས་རི་རིང་པོའི་མཛེས་ལྗོངས་ཁུལ་དུ་མཚན་མོར་ལྕགས་རི་རིང་པོའི་སྒོ་མོ་ཕྱེ་བ་དང་། ཁྲེང་ཏུའུ་ཐན་ཧྥུའུ་ཡི་མཆོད་རྟེན་གཉིས་ནས་མཐོ་ཚད་སྨི་218ཡོད་པའི་མཁའ་དབྱིངས་ཀྱི“སྤྲིན་ཚོམ་ལོ་གསར་བསུ་བའི”གློག་འོད་མངོན་པ། ཧྲན་ཤིས་ཐའེ་ཡོན་ཧྥུན་ཧོ་སྤྱི་གླིང་དུ་གློག་འོད་འཕྲོ་བ། ཉིང་ཞ་དབྱིན་ཁྲོན་གྱི་མཛེས་རྒྱན་གློག་སྒྲོན་གྱིས་གྲོང་མིར་དགའ་སྤྲོའི་ངང་ལོ་གསར་བསུ་བར་རྣམ་པ་ཟབ་མོ་བསྣན་ཡོད།

        རིག་གནས་ཡུལ་སྐོར་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་བ་དང་དམངས་ཕན་བྱེད་ཐབས་ཀྱིས་རིག་གནས་དང་ཡུལ་སྐོར་གྱི་འཛད་སྤྱོད་སླར་གསོ་ཡོང་བར་སྐུལ་འདེད་བཏང་ཞིང་། རིག་གནས་དང་ཡུལ་སྐོར་པུས་ས་གནས་ཁག་གིས་ཡུལ་བབ་དང་བསྟུན་ནས་སྣ་མང་ཕུན་སུམ་ཚོགས་པའི“གྲོང་ཚོའི་མཚན་ཚོགས”ཀྱི་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་བྱས་ནས་སྤེལ་བ། ཤོག་དྲས་དང་། ལོ་གསར་རི་མོ། ལྒང་བཞུ་སོགས་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་སྤྱད་དེ་དུས་ཆེན་གྱི་རྣམ་པ་ཟབ་མོ་གཏོད་པར་སྐུལ་འདེད་བཏང་བ་དང་། ལོ་གསར་གྱི་ཁྲང་ཞིའི་མཚན་ཚོགས་དང་ལོ་གསར་གྱི་རོལ་དབྱངས་འདུ་ཚོགས་སོགས་ཀྱིས་དུས་ཆེན་གྱི་རྣམ་པ་ཕུན་སུམ་ཚོགས་སུ་བཏང་བ། ཧའེ་ནན་གྱིས་2022ལོའི་ཧའེ་ནན་རྒྱལ་སྤྱིའི་ཡུལ་སྐོར་གླིང་ཕྲན་གྱི་དགའ་སྤྲོའི་དུས་ཆེན་བྱེད་སྒོ་སྤེལ་བ་མ་ཟད། རྒྱལ་ཡོངས་ལ་ཕྱོགས་ནས་སྒོར་ཁྲི་1000ཡི་ཡུལ་སྐོར་འཛད་སྤྱོད་འཛིན་ཤོག་སྤྲད་པ། “གངས་འཁྱགས་ཀྱི་གྲོང་ཁྱེར། གསར་གཏོད་ཚད་མེད”ཅེས་པ་བརྗོད་དོན་གཙོ་བོར་བྱེད་པའི་ཧར་པིན་གངས་འཁྱགས་འཇིག་རྟེན་ཆེན་མོ་སྐབས་24པ་འགོ་ཚུགས་པ། ཧྲན་ཤིས་དང་ཧོ་ནན་ལུའོ་དབྱང་སོགས་ཀྱི་ས་ཆར་སྒོ་འཛིན་གཟིགས་སྐྱོང་དང་སྒོ་འཛིན་ཆག་ཡང་དང་རྩ་ཆག་གཏོང་བའི་བྱེད་སྒོ་གཅིག་རྗེས་གཉིས་མཐུད་ངང་སྤེལ་བ། ཧུའུ་ནན་གྱིས་ནང་དོན་ཕུན་སུམ་ཚོགས་པའི་མངོན་མིན་རིག་གནས་ཤུལ་བཞག་དྲིལ་བསྒྲགས་འགྲེམས་སྟོན་དང་དམངས་སྲོལ་བྱེད་སྒོ་ཐེངས་བརྒྱ་ལྷག་ཙམ་སྤེལ་བ། ཁྲུང་ཆིང་གིས“2023ལོའི་ཁྲུང་ཆིང་གི་དར་སྲོལ་གསར་པར་དགའ·ལོ་གསར་བསུ་བའི་འཛད་སྤྱོད་དུས་ཚིགས”ཀྱི་བྱེད་སྒོ་སྤེལ་ནས་རིམས་ནད་ཀྱི་དུས་བབ་གསར་པ་དང་འགྱུར་ལྡོག་གསར་པའི་འོག་རིག་གནས་དང་ཡུལ་སྐོར་ལས་རིགས་སླར་གསོ་ཡོང་བར་སྐུལ་འདེད་བཏང་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1