དབྱར་རྩྭ་དགུན་འབུ་ཆེས་ཡག་ཤོས་སློབ་ཁང་དུ་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 01-06




        “ད་ལོར་གེ་མོ་གྲོང་སྡེའི་ཚན་པ་དང་པོའི་སློབ་ཆེན་སློབ་མ15ཕྱི་རུ་གཞན་ཡུལ་དུ་གོམ་ཁ་བསྒྱུར་བ་རེད།ལོ་བཅུའི་སྔོན་དུ་གྲོང་མི་ཚོས་ཕྲུ་གུ་སློབ་གྲྭར་སྐྱེལ་འདོད་ཡོད་ལེ་མ་རེད”ཅེས་པ་འདི་ནི་ཉེ་ཆར་སྨྱུག་འཛིན་པས་འབའ་ཐང་རྫོང་དུ་བཅར་འདྲི་བྱེད་སྐབས་རྫོང་སློབ་གསོ་ལུས་རྩལ་ཅུས་ཀྱི་ལས་སྒྲུབ་མི་སྣས་མྱོང་ཚོར་ཟབ་མོ་ཡོད་པའི་སྒོ་ནས་བཤད་པའི་སྐད་ཆ་ཞིག་རེད། གྲོང་སྡེ་ཅི་འདྲ་ཞིག་ཡིན་ཞིང་། སློབ་ཆེན་སློབ་མ་ཚན་པ་དང་པོ་ཅི་འདྲ་བྱས་ནས་ཕྱི་རུ་གཞན་ཡུལ་དུ་གོམ་སྟབས་བསྒྱུར་བ་རེད་ཅེ་ན།

ཞལ་འདེབས་བརྒྱབ་པའི་ཤིང་ཏོག་བྱིས་པ་ཚོའི་ལག་ཏུ་འབྱོར།

        འབའ་ཐང་རྫོང་གྲོང་ཁུལ་ནས་འགྲོ་འགོ་ཚུགས་ཏེ་ཆུ་ཚོད2.5ཡི་ནང་རླངས་འཁོར་ལ་བསྡད་དེ་སྤྱི་ལེ130ལྷག་ཙམ་བསྐྱོད་མཐར། གསར་འགོད་པ་མཚོ་འཕགས་སྨི3900ཡོད་པའི་གེ་མོ་གྲོང་སྡེ་ལ་སླེབས་པ་ཡིན། གྲོང་མི་ཚོས་མི་རབས་ནས་མི་རབས་བར་རུ་བ་སྐྱས་སྤོའི་འཚོ་བ་རོལ་བཞིན་དུས་ཚིགས་དང་བསྟུན་ནས་རྩྭ་ས་རྗེས་སྲོལ་ཡོད་པ་རེད། གཡའ་དག་པའི་ནམ་མཁའི་འོག་ཏུ་གེ་མོ་སློབ་ཆུང་གི་སློབ་ཁང་གསར་པ་ནི་འབྲོག་ར་གཞིས་ཆགས་ས་ཚུགས་སུ་ལྷག་པ་སྣང་ངོ་འདྲ་ཆགས་པོ་ཞིག་རེད།

        2008ལོར་གེ་མོ་སློབ་ཆུང་དེ་གྲོང་མི་ཚང་གི་ཤིང་ཁང་ཆུང་ཆུང་ཞིག་ཏུ་གཉེར་འགོ་ཚུགས། དུད་ཚང200ལྷག་ཙམ་ཡོད་པའི་གྲོང་སྡེ་ཆེན་པོ་འདིར་དེའི་དུས་སུ་སློབ་མ5མ་གཏོགས་མིང་ཐོ་འགོད་མཁན་མེད་པ་དེའང་ཚང་མ་གྲོང་སྡེའི་ལས་བྱེད་པའི་ཕྲུ་གུ་ཤ་སྟག་ཡིན་པ་རེད། “ཚང་མ་རི་ཁུག་ནས་ཕྱིར་འགྲོ་མྱོང་མེད་པས་བསམ་བློའི་ངོས་འཛིན་མི་འདང་བ།མིག་རྒྱང་རིང་པོའི་ཕུགས་འདུན་མེད་པས་རེད”། ཉི་མ་ཚེ་རིང་ནི་སློབ་གྲྭ་དེའི་དགེ་རྒན་དང་པོ་ཡིན་ཞིང་།ཁོས་འགྲིམ་འགྲུལ་སྟབས་མི་བདེ་བ་དང་ཆ་འཕྲིན་བཀག་སྡོམ་ཡིན་པའི་རྐྱེན་གྱིས་གྲོང་མི་ཁ་ཤས་ཀྱིས་སློབ་གསོར་མཐོང་ཆེན་མི་བྱེད་པས་མ་ཚད། ཕྲུ་གུར་རིག་གནས་སྦྱོང་བཅུག་ན་ཕྱུགས་རྫི་དང་དབྱར་རྩྭ་དགུན་འབུལ་བརྐོས་རྒྱུའི་དུས་ཚོད་འགོར་བ་རེད་བསམ་བཞིན་ཡོད་པ་རེད་ཅེས་བཤད།

གེ་མོ་སློབ་ཆུང་གིས་རྒྱལ་དར་སྒྲེང་བཞིན་པ།

        2012ལོ་ནས་བཟུང་།གེ་མོ་གྲོང་སྡེ་ནས་ཕྱི་རོལ་དུ་འགྲོ་སའི་གཞུང་ལམ་ཤར་གཏོང་ཐུབ་པའི་དུས་མཚུངས་སུ། གློག་ཁྲིད་པ། དྲྭ་རྒྱ་ཡང་ཡོངས་སུ་ཁྱབ་ནས་འབྲོག་པའི་བསམ་བློར་སྐུལ་སློང་ཐེབས་ཏེ་གཡོ་འགུལ་ཐེབས་འགོ་ཚུགས་མོད། འོན་ཀྱང་གནས་སྐབས་སྡོད་གནས་གཏན་འཇགས་མེད་པ་དང་དབྱར་རྩྭ་དགུན་འབུ་རྐོས་བ་སོགས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ཡོད་པས་ཕྲུ་གུ་ཚོ་སློབ་གྲྭར་འགྲོ་བའི་ལམ་བུར་སྔར་བཞིན་དཀའ་ངལ་མང་པོ་འཕྲད་པ་རེད།

        དེར་བརྟེན། ས་གནས་དེ་གའི་སློབ་གསོ་སྡེ་ཚན་དང་ལས་གྲྭ་དང་པོའི་དགེ་རྒན་གྱིས་འབད་བརྩོན་ཆེན་པོ་བྱས་མཐར། གེ་མོ་སློབ་ཆུང་གི་ད་ལྟ་སློབ་གཙོ་གཞོན་པའི་འགན་འཁུར་བཞིན་པའི་ཆོས་འཕེལ་དང་སློབ་གཙོའི་འགན་འཁུར་བཞིན་པའི་བློ་བཟང་ཆོས་འཕེལ་རྣམ་གཉིས2011ལོ་དང2013ལོར་ཁག་བགོས་ནས་སློབ་གྲྭ་འདིའི་ནང་འོངས་ནས་དགེ་རྒན་བྱས་པ་རེད། གྲོང་མི་ཚོའི་དཔེ་དེབ་ཀློག་པའི་ཧུར་བརྩོན་རང་བཞིན་ཇེ་དྲག་ཏུ་གཏང་ཆེད།ཁོ་ཚོས་དུས་རྟག་པར་ཆུ་ཚོད་ཁ་ཤས་རིང་ལ་འཕྲུལ་རྟ་བཞོན་ནས་དབྱར་དུས་འབྲོག་ར་དང་དབྱར་རྩྭ་དགུན་འབུའི་རིར“ཁྱིམ་དུ་འཚམས་འདྲིར་བསྐྱོད་དེ་འབྲོག་པར་སློབ་གསོའི་སྲིད་ཇུས་དང་དཔེ་ཀློག་གི་ཕན་པ་སྒྲོག་འགྲེལ་བྱས་པ་རེད།

        “ཁྱོད་ཚོས་བློ་བདེ་པོ་བྱས་ནས་དབྱར་རྩྭ་དགུན་འབུ་རྐོས་སར་སོང་། ཕྲུ་གུ་ཚོས་ང་ཚོར་སྤྲོད་ཤོག” འབྲོག་མི་ཚོས་ཕྲུ་གུར་སེམས་ཁྲལ་བྱེད་མི་དགོས་པ་བྱ་ཆེད།གེ་མོ་སློབ་ཆུང་དུ་ཞག་སྡོད་ལམ་ལུགས་ལག་ལེན་བསྟར་ནས་དགེ་རྒན་ཚོས་ཀྱང་ཚང་མ་སློབ་གྲྭར་ཞག་སྡོད་བྱས་ཏེ “གཅིག་ནས་ཕའི་ཚབ་བྱེད་པ་དང་གཉིས་ནས་ཨ་མའི་ཚབ་བྱས་པ་རེད། ”

        དགེ་རྒན་ཚོས་འབད་བརྩོན་ལྷོད་མེད་བྱས་པར་བརྟེན་འབྲོག་པའི་འདུ་ཤེས་ལ་འགྱུར་ལྡོག་ཕྱིན་ནས་སློབ་ཁང་ནང་སྡོད་མཁན་གྱི་སློབ་མ་དང་ཐོག་སློབ་མ5ལས་མེད་པ་ནས་རིམ་བཞིན་འཕར་ནས་ད་ལོར་སློབ་མ156ཡོད་པ་རེད། “དགེ་རྒན་ཚོས་འགན་ཡག་པོ་འཁུར་བ་དང་སེམས་ཤུགས་ཧ་ཅང་བསྒྲིམས་པས་ཕྲུ་གུར་སློབ་གྲྭར་བཞག་ནའང་ང་ཚོ་བློས་འཁེལ་འདུག”།གྲོང་མི་གེ་མོ་ཆོས་འཕེལ་གྱི་བུ་མོ་གཉིས་སློབ་གྲྭར་སློབ་སྦྱོང་བྱེད་བཞིན་ཡོད།“ང་རང་ལ་རིག་གནས་མེད་པས་གྱོང་འཁེལ་བ་རེད།ཕྲུ་གུ་ཚོར་ཆུང་དུས་ནས་སློབ་གསོ་ཡག་པོ་ཐོབ་རྒྱུའི་རེ་བ་ཡོད”ཅེས་བཤད།

        ཁྲེང་ཏུའུ་གྲོང་ཁྱེར་ཧྲོང་ལིའུ་ཆུས་ཀྱིས་རོགས་སྐྲུན་བྱས་འོག། ཉེ་བའི་ལོ་འདི་ཁ་ཤས་རིང་གེ་མོ་སློབ་ཆུང་ལ་གནམ་ས་བླ་འོག་བསྒྱུར་བའི་འགྱུར་ལྡོག་བྱུང་ནས་སློབ་ཁང་དུ་མཁའ་རླུང་སྙོམས་སྒྲིག་འཕྲུལ་ཆས་དང་ཉལ་ཁང་དུ་གཟུགས་པོ་འཁྲུ་ས་ཡོད་པ།འཕྲིན་སྦྱོར་སྣེ་མང་གི་སློབ་ཁྲིད་སྒྲིག་ཆས་ལས་སློབ་སྦྱོང་ལ་ཕན་འབྲས་ལྡབ་ལོག་ཐོབ་པ་རེད། བསྟན་འཛིན་ཚོགས་གཉིས་ནི་ད་ལོར་གེ་མོ་གྲོང་སྡེའི་ཚན་པ་དང་པོའི་སློབ་ཆེན་ལ་རྒྱུགས་འཕྲོད་པའི་སློབ་མ15ནང་གི་ཡ་གྱལ་ཞིག་ཡིན་ཞིང་། ད་ལྟ་རྔ་བའི་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་ཞུགས་གོང་གི་སློབ་གསོའི་ཆེད་ལས་སུ་སློབ་སྦྱོང་བྱེད་བཞིན་ཡོད།ཁོས“སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས་ཕ་ཡུལ་དུ་ལོག་ནས་གཅུང་པོ་དང་གཅུང་མོ་ཚོར་ཤེས་བྱ་རིག་གནས་བསླབས་ཏེ་ཁོ་ཚོར་དེ་བས་མཐོ་བ་དང་དེ་བས་ཐག་རིང་བར་འཕུར་སྐྱོད་བྱེད་རོགས་བྱ་རྒྱུ་ཡིན”ཞེས་བཤད།

        2011ལོར་འབྲོག་པས་གེ་མོ་སློབ་ཆུང་ལ་གནག་ཕྱུགས6དང་།རྟ1 འཕྲུལ་རྟ1བཅས་ཞལ་འདེབས་བརྒྱབ་པ་རེད། 2014ལོར་དགེ་རྒན་གྱིས་རྫོང་གི་གྲོང་ཁུལ་དུ་འབྲུ་རིགས་དབོར་འདྲེན་བྱེད་སར་འགྲོ་སྐབས་ཁ་བ་ཆེན་པོ་བབས་ནས་རི་བོ་བཀག་སྡོམ་ཐེབས་པས། གྲོང་མི་ཚོས་རང་འགུལ་གྱིས་ལྡལ་གཡག་རུ་ཁག་སྒྲིག་འཛུགས་བྱས་ནས་བསུ་སར་འགྲོ་བ་རེད། འབྲོག་ཁུལ་དུ་སྔར་ནས་བཟུང་གྲོང་སྡེ་བརྒལ་ནས་དབྱར་རྩྭ་དགུན་འབུ་རྐོས་སར་འགྲོ་མི་ཆོག་མོད། གེ་མོ་གྲོང་ཚོས་དགེ་རྒན་གྱི་ནང་མི་ཡིན་ཕྱིར་དབྱར་རྩྭ་རྐོ་རུ་ཡོང་བར་དགའ་བསུ་ཞུ་གི་ཡོད། དེ་སྔ་སྣང་མེད་དུ་བཞག་པའི་དགེ་རྒན་ནི་ས་གནས་དེ་གའི་ཆེས་གུས་བཀུར་བྱ་ཡུལ་ཞིག་ཏུ་གྱུར་ནས་སློབ་གྲྭའི་བྱ་བ་དེ་གྲོང་སྡེའི་ནང་གི་བྱ་བ་གལ་ཆེ་ཤོས་ཤིག་ཏུ་གྱུར་ཡོད།

        ཆེས་ཡག་ཤོས་ཀྱི“དབྱར་རྩྭ་དགུན་འབུ”སློབ་ཁང་ནང་ཡོད་པའི་གནས་ལུགས། དེ་ནི་སྔོན་ཆད་སློབ་གསོའི་སྡེ་ཚན་དང་དགེ་རྒན་གྱིས་འབྲོག་པར་དྲིལ་བསྒྲགས་བྱས་པ་ཞིག་ཡིན་པ་དང་ད་ཆ་འབྲོག་པ་ཚོས་རྒྱུན་དུ་ཤོད་པའི་སྐད་ཆ་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1