བོད་ལྗོངས་ཀྱིས་ད་ལོ་རྣམ་གྲངས་གལ་ཆེན་འདི་དག་བསྐྲུན་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 01-09



        གསར་འགོད་པར་ཤེས་རྟོགས་བྱུང་བ་ལྟར་ན། སྤྱི་ལོ་2023ལོར་བོད་ལྗོངས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་གྱི་འཆར་འགོད་བཟོས་ཏེ། གསར་དར་ཐོན་ལས་གསོ་སྐྱོང་དང་ཡར་རྒྱས་གཏོང་བ་དང་། ཁྱད་ལྡན་ཐོན་ལས་སྟོབས་ལྡན་དང་རྒྱ་ཆེར་བཏང་ནས་རྫོང་ཁོངས་ཀྱི་དཔལ་འབྱོར་གོང་དུ་སྤེལ་རྒྱུ་ཡིན་པ་རེད།

རྨང་གཞིའི་འཛུགས་སྐྲུན་གྱི་ཐད།

        བོད་ལྗོངས་ཀྱིས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་དང་ཡུན་བོད་ལྕགས་ལམ་གྱི་སྤོ་བོ་དང་ར་འོག་དུམ་བུ་ལས་འགོ་འཛུགས་པར་རྒྱབ་སྐྱོར་གང་ལེགས་བྱ་རྒྱུ་རེད། ལྷ་གཞིས་མྱུར་བགྲོད་གཞུང་ལམ་དང་སེང་གེ་ཁ་འབབ་གྲོང་རྡལ་ནས་མངའ་རིས་དགུན་ས་གནམ་ཐང་བར་གྱི་མྱུར་བགྲོད་ལྕགས་ལམ། ཅིན་བོད་མྱུར་བགྲོད་གཞུང་ལམ་གྱི་ནག་ཆུའི་ཚོད་ལྟའི་དུམ་བུ། གཞུང་ལམ་G318གྱི་སྤུས་ཀ་ལེགས་སྒྱུར། གཞུང་ལམ་G219གྱི་མེ་ཏོག་ནས་རྫ་ཡུལ་བར་གྱི་ལམ་དུམ་གསར་བཅོས་ལས་གྲྭ་སོགས་གཙོ་གནད་རྣམ་གྲངས་ཀྱི་འཛུགས་སྐྲུན་ལ་ཤུགས་རྒྱག་རྒྱུ་ཡིན་པ་མ་ཟད། སྤུ་ཧྲེང་གནམ་ཐང་ཤར་གཏོང་བྱ་རྒྱུ་རེད།

ཞིང་འབྲོག་ལས་རིགས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་ཐད།

        བོད་ལྗོངས་ཀྱིས་ཚད་གཞི་མཐོ་བའི་ཞིང་ལས་འཛུགས་སྐྲུན་དང་། སོན་ལས་དར་རྒྱས་ཀྱི་བྱེད་སྒོ་ཟབ་སྤེལ་བྱེད་པ། གཙང་པོ་གཉིས་དང་ཆུ་བོ་བཞིའི་རོང་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཆུ་ཚད་མཐོ་བའི་ནས་དང་འབྲི་གཡག་སོགས་ཀྱི་ཞིང་འབྲོག་ཐོན་རྫས་ཀྱི་ཐོན་སྐྱེད་རྟེན་གཞི་དང་ཐོན་ལས་ཁུལ་འཛུགས་པ་བཅས་བྱས་ནས་འབྲུ་རིགས་ཀྱི་ཐོན་ཚད་ཏུན་ཁྲི་107ཡན་ཟིན་པ་དང་། ཤ་སྒོང་འོ་གསུམ་གྱི་ཐོན་ཚད་ཏུན་ཁྲི་91ཡན་ཟིན་རྒྱུར་འགན་ལེན་བྱས་ཡོད། ཞིང་འབྲོག་ཐོན་ལས་ཀྱི་ཞིབ་བཟོས་ལས་སྣོན་གོང་དུ་སྤེལ་བ་དང་། ཐོན་ལས་མུ་ཕྲེང་ཇེ་རིང་དང་། ཟུར་སྣོན་རིན་ཐང་ཇེ་མཐོར་བཏང་ནས། ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་འཕར་ཚད་10%ཡན་དུ་སླེབས་པ་བྱ་རྒྱུ་ཡིན་པ་དང་། ས་བབ་མཐོ་བའི་རྫོང་གྲོང་གི་དྲོད་དང་དབྱང་མཁོ་འདོན་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་དང་གད་སྙིགས་ཐག་གཅོད་སོགས་ཀྱི་རྣམ་གྲངས་ལ་སྐུལ་འདེད་བཏང་ནས། གྲོང་ཁྱེར་འཕེལ་རྒྱས་ཀྱི་ཞན་ཆ་གསབ་རྒྱུར་ཤུགས་རྒྱག་རྒྱུ་ཡིན་པ་རེད།

རྫོང་ཁོངས་དཔལ་འབྱོར་གོང་དུ་སྤེལ་བའི་ཐད།

        བོད་ལྗོངས་ས་གནས་ཁག་གིས་ལྟེ་བ་གཅིག་དང་མུ་ཁྱུད་གཅིག རྒྱུད་གཉིས། ཁུལ་གསུམ་བཅས་ཀྱི་ས་ཁོངས་འཕེལ་རྒྱས་བཀོད་པ་གཞིར་བྱས། རྫོང་ཁོངས་དཔལ་འབྱོར་ས་ཁུལ་དཔལ་འབྱོར་ནང་མཉམ་འདྲེས་ཟབ་མོ་བྱུང་བ་དང་། རྫོང་ཁོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་གོང་ནས་གོང་དུ་སྤེལ་རྒྱུ་རེད། པ་སྣམ་རྫོང་དང་གྲ་ནང་རྫོང་། ལྷོ་རོང་རྫོང་། དིང་རི་རྫོང་སོགས་ཞིང་ལས་ཀྱི་རྫོང་ཆེན་དང་། འདམ་གཞུང་རྫོང་དང་། ལྷ་རི་རྫོང་། འབྲོང་པ་རྫོང་། སྒེར་རྩེ་རྫོང་སོགས་འབྲོག་ལས་རྫོང་ཆེན། མེ་ཏོག་རྫོང་དང་། སྨར་ཁམས་རྫོང་། མཚོ་སྣ་རྫོང་། སྤོ་བོ་རྫོང་སོགས་ཡུལ་སྐོར་རྫོང་སྐད་གྲགས་ཅན་བཅས་སུ་འཛུགས་སྐྲུན་བྱ་རྒྱུ་དང་། གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་དར་རྒྱས་ལ་གཅིག་གྱུར་འཆར་འགོད་དང་། རྫོང་ཁོངས་འཕེལ་རྒྱས་ཀྱི་བཀོད་པ་ལེགས་སྒྱུར་བྱས་ནས། གནས་སྡོད་ལས་འཚམ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བཅས་ཧུར་ཐག་གཏོད་རྒྱུ་ཡིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1