༄༅། །༢༠༡༨ལོའི་ཤེའུ་བང་སོ་དང་པོ་ལས་གསར་དུ་རྙེད་པའི་བཀའི་ཕྱག་རྒྱ་ལ་དཔྱད་པ།

མགར་རྩེ་ཡི་དམ་ཚེ་རིང་། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་པོའི་དྲ་བ་ལས་དྲངས། སྤེལ་དུས། 01-09


ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་ཏུན་ཧོང་ནས་ཐོན་པའི་བཙན་པོའི་ལོ་ཚིགས་དོན་ཆེན་གནད་བསྡུས་ཤོག་དྲིལI.O.750དང་དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་འ་ཞའི་ལོ་ཚིགས་གནད་བསྡུས་ཤོག་དྲིལS.T.VOL.69.ol.84གཉིས་ལ་གཞི་བཅོལ་ཏེ། གཏེར་ལམ་རྫོང་རུ་སྔན་ཁོག༢༠༡༨ལོའི་ཤེའུ་བང་སོ་དང་པོ་ལས་གསར་རྙེད་བྱུང་པའི་བཀའི་ཕྱག་རྒྱ་དེ་ནི་སྤུ་རྒྱལ་བཙན་པོའི་དབང་བསྒྱུར་འོག་གི་དབོན་འ་ཞ་རྗེ་ཡི་ཕྱག་ཐམ་ཡིན་པ་ངོ་སྤྲོད་བྱས་པ་བརྒྱུད། དབོན་འ་ཞ་རྗེ་བྱ་བ་ནི་འཕྲུལ་གྱི་ལྷ་བཙན་པོ་ཁྲི་འདུས་སྲོང་མང་པོ་རྗེའི་སྐུ་སྲིང་ཁྲི་བངས་ཀྱི་སྲས་མ་ག་ཐོ་གོན་ཁ་གན་ཡིན་ཚུལ་དང་། མ་ག་ནི་འ་ཞའི་ཡུལ་དུ་གཉུག་མར་གནས་པའི་རུས་ཚོ་ཆེན་པོ་ཞིག་གི་མིང་ཡིན་ལ། ཐོ་གོན་ཁ་གན་ནི་ཐུའུ་ཧུན་གྱི་རྒྱལ་པོ(吐浑可汗)ཞེས་པ་སྟེ་འ་ཞ་རྗེ་བོའི་དོན་ཡིན་པའི་ལྟ་ཚུལ་བཏོན་ཡོད།

[གནད་ཚིག།] ༢༠༡༨ལོའི་ཤེའུ་བང་སོ་དང་པོ། ཕྱག་རྒྱ། དབོན་འ་ཞ་རྗེ། མ་ག་ཐོ་གོན་ཁ་གན།


                                                                                                                                                                            གླེང་གཞི།

        གཏེར་ལམ་རྫོང་ནི་མཚོ་སྔོན་པོའི་ནུབ་རྒྱུད་ཀྱི་ཝུའུ་ལན་རྫོང་དང་འདབས་འབྲེལ་དུ་ཆགས་ཤིང་། དུས་རབས་ཉི་ཤུ་པའི་དུས་སྟོད་ནས་བཟུང་རྫོང་འདིའི་ཁོངས་སུ་གནའ་བོའི་དུར་ས་མང་པོ་ཐོན། དེར་འབྲེལ་ཡོད་ཆེད་མཁས་པས་ཞིབ་འཇུག་བྱས་པའི་དཔྱད་འབྲས་ལྟར་ན་བང་སོ་མང་ཤོས་ནི་དུས་རབས་བདུན་པའི་དུས་མཇུག་ནས་དུས་རབས་བརྒྱད་པའི་དུས་སྨད་བར་གྱི་བང་སོ་ཡིན་པ་ར་སྤྲོད་བྱས་ཡོད། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་བའི་དུས་སྟོད་དུ་རྒྱལ་ཁབ་རིག་དངོས་ཅུའུ་ཡིས་དངོས་སུ་ཆོག་མཆན་བཀོད་པ་བརྒྱུད། ༡༩༨༣ལོར་མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཚན་ཁག་གིས་རུ་སྔན་ཁོག་གི་བང་སོ་དག་དངོས་སུ་སྔོག་འདོན་བྱེད་འགོ་བརྩམས། སྔ་ཕྱིར་བང་སོ་ཆེ་ཆུང༨༠ལྷག་སྔོག་འདོན་བྱས་ཏེ་དར་གོས་དང་གསེར་དངུལ་གྱི་ཅ་ལག། ཁྲམ་བྱང་སོགས་རྩ་ཆའི་རིག་དངོས་མང་པོ་བྱུང་། དེ་ལས་གྲགས་ཆེ་བ་གཅིག་ནི་རུ་སྔན་ཁོག་གི་ཤེའུ་བང་སོ་དང་པོ་སྟེ་རྒྱ་སྐད་དུ(血渭一号墓)ཟེར་བ་དེ་ཡིན། ཤེའུ་བང་སོ་དང་པོའི་ཉེ་འཁོར་དུ་བང་སོ་ཆེ་ཆུང་ཉིས་བརྒྱ་ལྷག་ཙམ་མཆིས་ཤིང་དེ་ལས་མང་ཆེ་བ་རྐུན་མས་ཕྱིར་འདོན་བྱས་ཟིན། ༡༩༩༦ལོའི་ཟླ༡༡པའི་ཚེས༢༠ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རུ་སྔན་ཁོག་གི་བང་སོའི་ཚོགས་རྣམས་རྒྱལ་ཡོངས་ཀྱི་གཙོ་གནད་གནའ་རྫས་སྲུང་སྐྱོབ་སྡེ་གྲལ་དུ་བཞག། དེའི་རྗེས་སུ་མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཚན་ཁག་གི་འགོ་གཙོ་ཞེའུ་ཞིང་ཀའོ(许兴国)སོགས་ཀྱིས་ཐོག་དང་པོར་ཞིབ་འཇུག་བྱས་ཏེ་རུ་སྔན་ཁོག་གི་བང་སོའི་ཚོགས་ནི་བོད་བཙན་པོའི་དུས་ཀྱི་བང་སོ་ཡིན་པ་ཁས་ལེན་བྱུང་མོད། གཞི་རྒྱ་ཆེ་བའི་བང་སོ་འདི་དག་གི་བདག་པོ་ངོ་མ་སུ་ཡིན་པ་དེ་སྔའི་བར་གསལ་བཀྲོལ་བྱེད་ཐུབ་མེད། ༢༠༡༨ལོར་རུ་སྔན་ཁོག་གི་ཤེའུ་བང་སོ་དང་པོར་རྐུན་འཁྱེར་གྱི་གྱོད་དོན་བྱུང་རྗེས། ལོ་དེར་རྒྱལ་ཁབ་རིག་དངོས་ཅུའུ་ཡིས་གནའ་བོའི་བང་སོ་འདི་མྱུར་སྐྱོར་རང་བཞིན་གྱི་སྔོག་འདོན་ཁོངས་གཏོགས་གྲས་སུ་བཞག་སྟེ། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གནའ་རྫས་རྟོག་ཞིབ་སའོ་དང་མཚོ་སྔོན་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཚན་ཁག་གཉིས་ཀྱིས་མཉམ་འབྲེལ་སྒོས་ཤེའུ་བང་སོ་དང་པོའི་ཉེ་འཁོར་སྔོག་འདོན་བྱེད་འགོ་བརྩམས།

        ༢༠༡༨ལོ་ནས་འགོ་བརྩམས་ཏེ་སྔ་ཕྱིར་ལོ་ངོ་གསུམ་གྱི་རིང་ལ་སྔོག་འདོན་བྱས་པ་བརྒྱུད་རིག་དངོས་ཆིག་སྟོང་ལྷག་ཐོན།[1] བང་སོའི་དབྱིབས་དང་ཚུགས་ཀ་ནི་བཙན་པོའི་དུས་ཀྱི་བང་སོ་གྲུ་བཞི་ནང་རྒྱན་ཅན་དུ་གྲགས་པ་དང་ཆ་ཡོངས་སུ་མཚུངས་ཏེ། ༢༠༡༨ལོའི་ཤེའུ་བང་སོ་དང་པོའི་ཕྱི་ཡི་རྣམ་པ་གྲུ་བཞི་ཅན་གྱི་ངོས་སུ་དུར་མཆོད་བྱེད་སའི་སྟེགས་བུ་ཡོད་པ་དང་། ནང་དུ་དུར་རྫས་འཇོག་ས་ལས་གཞན་ལྷ་ཁང་གི་རྣམ་པ་བྱས་པའི་ཁང་མིག་ཅན་ལྔ་མཆིས་པ་འདིའང་བཙན་པོའི་དུས་སུ་རྗེ་དཔྱལ་ཐུན་མིན་གྱི་བང་སོ་འདེབས་སྟངས་དང་མཚུངས། དགའ་འོས་པ་ཞིག་ལ་བང་སོ་སྔོག་འདོན་ཁྲོད་བོད་ཡིག་འཁོད་པའི་བཀའི་ཕྱག་རྒྱ་ཞིག་གསར་རྙེད་བྱུང་བས། དུས་རབས་ཕྱེད་ཙམ་རིང་ལ་རྒྱལ་ཁབ་ཕྱི་ནང་གི་མཁས་པ་མང་པོའི་རྩོད་གཞིར་གྱུར་པའི་གཏེར་ལམ་རྫོང་རུ་སྔན་ཁོག་གི་ཤེའུ་བང་སོ་དང་པོའི་དུར་བདག་སུ་ཡིན་པའི་ཐད་ལ་ཤེས་བྱེད་གལ་ཆེན་ཐོན། འདིར་གསར་རྙེད་ཕྱག་རྒྱ་དང་འབྲེལ་ཏེ་ཕྱག་རྒྱ་རྙེད་སའི་གནས་ཡུལ་ངོ་སྤྲོད་པ་དང་། ཕྱག་རྒྱའི་ངོས་ཀྱི་ཡི་གེ་གསལ་བཀྲོལ། ཕྱག་རྒྱའི་བདག་པོ་ངོས་འཛིན་བཅས་ཀྱི་སྐོར་ལ་དཔྱད་པར་བྱ་བ་ལ།

དང་པོ། ཕྱག་རྒྱ་རྙེད་སའི་གནས་ཡུལ་ངོ་སྤྲོད།

        ཉེ་ཆར་རྙེད་པའི་བཀའི་ཕྱག་རྒྱ་དེ་ནི་གཏེར་ལམ་རྫོང་ཁོངས་སུ་གནས་པའི་ཤེའུ་བང་སོ་དང་པོའི་ཤར་ཕྱོགས་ཀྱི་སྨི་བཞི་བརྒྱའི་མཚམས་ཀྱི་བང་སོ་གཞན་ཞིག་ལས་བྱུང་ཞིང་། གསར་ལམ་ཁག་ཏུ༢༠༡༨ལོའི་ཤེའུ་བང་སོ་དང་པོ(2018血渭一号墓)ཞེས་མིང་བཏགས་ཡོད། བང་སོའི་གནས་ཡུལ་ནི་དེང་གི་སྲིད་འཛིན་གནས་སྟངས་ཀྱི་ཆ་ནས་བརྗོད་ན། གཏེར་ལམ་རྫོང་ཚ་ཧན་ཝུའུ་སུའུ[2]གྲོང་བརྡལ་ཤར་ལྷོའི་ཕྱོགས་ཀྱི་ཆུ་ཁོལ་ཡུལ་ཚོ་ནས་སྤྱི་ལེ་བཅོ་ལྔ་ལྷག་གི་མཚམས་སུ་གནས། དེ་བས་ཡུལ་དེར་གནས་པའི་བང་སོའི་ཚོགས་ལའང་ཆུ་ཁོལ་བང་སོའི་ཚོགས(热水墓群)ཞེས་འབོད་ཀྱིན་ཡོད་མོད། ཆུ་ཁོལ་ཞེས་ཐོགས་དོན་ནི་ཡུལ་དེའི་ཤར་ཕྱོགས་སུ་རང་བྱུང་ཆུ་ཚན་ཞིག་ཡོད་པར་རྐྱེན་བྱས་ཏེ་ཕྱིས་སུ་བཏགས་པའི་མིང་ཡིན་ལ། ལོ་རྒྱུས་སྟེང་ས་ཆ་དེ་ནི་མཚོ་སྔོན་པོའི་མཐའ་འཁོར་གྱི་བོད་སྡེ་ཚོ་བརྒྱད་དམ་སྦྲ་ནག་ཚོ་ཆེན་བརྒྱད་ཀྱི་ཡ་གྱལ་རུ་སྔན་གྱི་གྲས་སུ་གཏོགས་ཤིང་ཡུལ་དེར་རུ་སྔན་ཁོག་ཅེས་འབོད། ཆིང་རྒྱལ་རབས་ཀྱི་ཕྱིང་སང་དབྱང་ཡིང་ཅུས(杨应琚1696-1766)ཡིས་བརྩམས་པའི«མཚོ་སྔོན་ལོ་རྒྱུས་གསར་བ»རུ། རུ་སྔན་ཚོ་བར་རྒྱའི་སྐད་དུ་ལ་ཨན(拉安)ཞེས་བཏགས་ཡོད་ཅིང་། རུ་སྔན་སྟོད་སྨད་གཉིས་སུ་དབྱེ་བའི་མི་སྡེ་ཆ་ཚང་སྦྲ་ནག་ཡིན་པར་བརྗོད།[3] «རུ་སྔན་ཁག་གསུམ་གྱི་ལོ་རྒྱུས»སུ། རུ་སྔན་ཞེས་པ་ནི“བོད་བཙན་པོས་མདོ་སྨད་ས་ཡི་ཐིག་ལེར་མངགས་གཏོང་བྱས་པའི། དམག་དཔུང་རུ་འདྲེན་སྡེ་བཞི”[4]ཡི་ཡ་གྱལ་ཡིན་པར་བཤད་པ་དེ་ཡང་རྒྱུ་མཚན་མེད་པ་ཞིག་མ་ཡིན་ཏེ། རུ་ནི་མིང་བརྡ་རྙིང་བར་དམག་གི་དོན་ལ་འཇུག་ཅིང་། སྔན་ནི་མདུན་ཕྱོགས་ཀྱི་དོན་ཏེ་ཐོག་མའི་རུ་འདྲེན་ལ་གོ། «དེབ་དཀར»དུ། “བོད་ཡུལ་སྟོད་སྨད་ཀུན་ཏུ་ཡང་གཡས་རུ་དང་གཡོན་རུ། གུང་རུ་དབུ་རུ་སོགས་ཀྱི་ཐ་སྙད་ཡོད་པ་དག་ཀྱང་། སྔོན་གྱི་ཚེ་བཙན་པོའི་གཡས་གཡོན་མདུན་རྒྱབ་ཏུ་འགྲོ་བའི་དམག་གི་སྐོར་ཚོ་བཞི་དང་། དེ་དག་གི་ཐོག་མ་འདྲེན་པའི་རུ་འདྲེན་སྡེ་བཞི་སོགས་ཡོད་པ་དེའི་ཐ་སྙད་ཡིན་ནོ།”[5]ཞེས་པ་ལྟར། མཚོ་སྔོན་པོའི་མཐའ་འཁོར་གྱི་གཡས་རུ་དང་། གཡོན་རུ། རུ་སྔན་སོགས་ཚོ་སྐོར་དེ་དག་གི་མིང་གི་འབྱུང་ཁུངས་ཀྱང་བཙན་པོའི་དུས་ཀྱི་དམག་སྡེ་དང་འབྲེལ་བ་ངེས་ཅན་ཞིག་ཡོད་ངེས་ཏེ། བོད་རིག་པའི་མཁས་དབང་ཝང་ཡའོ(王尧1928—2015)ལགས་ཀྱིས་ཀྱང་གཏེར་ལམ་གྱི་ཡུལ་གྲུ་འདི་དག་བཙན་པོའི་རྒྱལ་རབས་སྐབས་སུ་མདོ་སྨད་ཕྱོགས་སུ་གནས་པའི་སྤུ་རྒྱལ་བཙན་པོའི་དམག་གི་རྟེན་གཞི་གཙོ་བོ་ཞིག་ཏུ་བཞེད་པར་ཡང་རྒྱུ་མཚན་ངེས་ཅན་མཆིས་སོ། །

        རྒྱའི་ལོ་རྒྱུས་ཡིག་ཚང་ལྟར་ན་མིང་རྒྱལ་རབས་ཀྱི་བར་དུ་རྐང་ཚ་དང་། རུ་སྔན། སྒོ་མེ་སོགས་བོད་ཀྱི་ཚོ་སྡེ་རྣམས་ཀྱིས་མཚོ་སྔོན་པོའི་མཐའ་འཁོར་གྱི་ས་ཆུ་ཟུང་འཛིན་བྱས་ཡོད། མིང་རྒྱལ་རབས་ཀྱི་གོང་མ་ཅ་ཅིང(嘉靖)རིང་། ཏ་ཡན་ཧན་མངའ་འོག་གི་ཤར་སོག་ཡུམ་ཚེ་ཞེས་པས་ངོ་ལོག་ཟིང་འཁྲུག་བསླངས་ཏེ་ཕམ་ཉེས་བྱུང་བ་བརྒྱུད་དམག་ལྷག་མ་རྣམས་ཁྲིད་དེ་མཚོ་སྔོན་པོའི་མཐའ་འཁོར་དུ་སླེབས་པས། གདོད་མ་ནས་ཡུལ་དེར་གཏན་སྡོད་བྱས་པའི་རུ་སྔན་སོགས་མཚོ་སྐོར་བོད་སྡེ་རྣམས་དང་འགལ་བའི་མྱུ་གུ་འབུས་ཤིང་། རིམ་བཞིན་མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་སྦྲ་ནག་ཚོ་ཁག་མང་པོ་ཞིག་ཤར་སོག་གིས་བདའ་འདེད་བྱས་པར་བརྟེན་རྨ་ཆུའི་ལྷོ་རྒྱུད་ཀྱི་རེབ་གོང་དང་ཁྲི་ཀ་སོགས་སུ་གནས་སྤོ་བྱེད་དགོས་བྱུང་། དེ་ལས་རུ་སྔན་ནི་རྨ་སྲིབ་དང་། རྨ་ནུབ། རྨ་ཤར་བཅས་སུ་བགྲང་བྱ་བརྒྱ་ཕྲག་དུ་མའི་རིང་གཞི་སྡོད་བྱས། དུས་རབས་བཅུ་དྲུག་པའི་དུས་སྨད་ནས་བཟུང་། རིམ་བཞིན་ཀབ་རོན་གཞུང་དང་། བདེ་སྐྱིད་གཞུང་། བྱ་སྟོད་ཐང་། ཝ་ཤུ་ཐང་། འབའ་རྩེ། གོ་ར། ཁྲ་ཆེན་ཕྱོགས་སུ་རུ་སྡེ་མཆེད་མགོ་བརྩམས། རྗེས་སུ་ཆིན་ཝང་བློ་བཟང་བསྟན་འཛིན་གྱིས་གོང་མར་ངོ་ལོག་ཟིང་འཁྲུག་བསླངས་ཏེ་ཕམ་ཉེས་བྱུང་ཞིང་། སོག་པའི་སྟོབས་ཤུགས་ཁ་འཁོར་ཉམས་དམས་སུ་སོང་བའི་གོ་སྐབས་དང་བསྟུན་རྨ་ཆུའི་ལྷོ་རྒྱུད་སོགས་སུ་གནས་སྤར་བའི་རུ་སྔན་གྱི་འབྲོག་སྡེ་རྣམས་སླར་ཡང་མཚོ་སྔོན་པོའི་འགྲམ་རྒྱུད་དུ་ལོག་པའི་གོ་སྐབས་འགྲིག་ཏེ། མཚོ་འགྲམ་གྱི་རྟ་ནག་མ་དང་། ཅང་ཤེས། གཏེར་ལམ་རྫོང་ཁོངས་སོགས་སུ་གཏན་སྡོད་བྱས། ༡༩༤༩ལོར་ད་ལྟའི་གཏེར་ལམ་རྫོང་ཁོངས་སུ་རུ་སྔན་ཡུལ་ཚོ་དངོས་སུ་བཙུགས། ༡༩༦༢ལོར་ཆུ་ཁོལ་ཀུང་ཧྲེར་བསྒྱུར་ཏེ་མངའ་འོག་ཏུ་བྲག་དཀར་དང་། བྲག་དམར། གསེར་ཐང་བཅས་ཐོན་སྐྱེད་ཚོ་ཁག་གསུམ་བཙུགས།  ལོ་དེའི་ཟླ༡༠བར་ཆུ་ཁོལ་ཡུལ་ཚོ་ཞེས་པར་མིང་བསྒྱུར་བ་ནས་ད་ལྟའི་བར་ཆུ་ཁོལ་ཞེས་པའི་མིང་དེ་རྒྱུན་འབྱམས་སུ་ཐོགས་སོ། །

གཉིས་པ། ཕྱག་རྒྱའི་སྟེང་གི་ཡི་གེ་གསལ་བཀྲོལ།

        ༢༠༢༠ལོའི་ཟླ༡༡པའི་ཚེས༢༩ཉིན་ཀྲུང་དབྱང་གསར་འགྱུར་འཁོར་སྐར་འཕྲིན་ལམCCTV༡༣སྟེང༢༠༡༨ལོའི་ཤེའུ་བང་སོ་དང་པོ་སྔོག་འདོན་གྱི་གནས་ཚུལ་ཐོག་མར་སྤེལ་ཞིང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་ཧན་ཅན་ཧྭ(韩建华)ཡིས་བང་སོ་སྔོག་འདོན་ཁྲོད་བཀའ་ཡི་ཕྱག་རྒྱ་ཞིག་རྙེད་པའི་གནས་ཚུལ་ཐོག་མར་ཁྱབ་བསྒྲགས་བྱས། དེ་ནས་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་ཞིབ་འཇུག་པའི་སྡེ་རུ་བཀའི་ཕྱག་རྒྱ་འདིར་དོ་སྣང་བྱེད་འགོ་བརྩམས། སྐབས་དེར་ཕྱག་རྒྱའི་སྟེང་དུ་རྔ་མོང་གི་གཟུགས་རིས་ལས་ཡི་གེ་འཁོད་ཚུལ་གྱི་གནས་ཚུལ་གསལ་བསྒྲགས་མ་བྱས། དུས་ཕྱིས༢༠༢༡ལོའི༡པོའི་ཚེས༢༦ཉིན། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གནའ་རྫས་རྟོག་ཞིབ་སའོ་དང་མཚོ་སྔོན་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཚན་ཁག གཞན་རྒྱལ་ནང་གི་འབྲེལ་ཡོད་ཆེད་མཁས་པ་བཅུ་གཉིས་ཀྱིས་མཚོ་སྔོན་གཏེར་ལམ་བང་སོའི་ཚོགས་ལས་ཐོན་པའི༢༠༡༨ལོའི་ཤེའུ་བང་སོ་དང་པོའི་རིག་དངོས་སྐོར་ལ་དྲ་ལམ་ནས་རིགས་སྒྲུབ་ཁུང་སྐྱེལ་ཚོགས་འདུ་འཚོགས། ཚོགས་འདུའི་སྟེང་བོད་ལྗོངས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་གཞོན་པ་ཤ་བོ་མཁའ་བྱམས་དང་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་ཧན་ཅན་ཧྭ་རྣམ་གཉིས་ཀྱིས་བཀའ་ཡི་ཕྱག་རྒྱ་དེ་དབོན་འ་ཞ་རྗེའི་ཕྱག་ཐམ་ཡིན་ཚུལ་གྱི་ངོ་སྤྲོད་ཐོག་མར་གནང་།

        ༢༠༡༨ལོའི་ཤེའུ་བང་སོ་དང་པོ་ལས་ཐོན་པའི་རྒྱུ་གསེར་དངུལ་ལས་གྲུབ་པའི་བཀའི་ཕྱག་རྒྱ་དེ་ནི། དབྱིབས་གྲུ་བཞིའི་ཕྱག་ཐམ་ཞིག་ཡིན་ལ། མཐའི་རིང་ཚད་ལ་ལི་སྨི༡.༨དང་མཐོ་ཚད་ལ་ལི་སྨི༣.༥ཙམ་མཆིས། ཕྱག་ཐམ་གྱི་ངོས་སུ་རྔ་མོང་གི་གཟུགས་རིས་ཀྱི་མཐའ་ཞབས་གཉིས་སུ་བོད་ཡིག་ཡིག་འབྲུ་དགུ་ཙམ་འཁོད་ཡོད། སྐབས་དེར་དྲ་རྩོམ་མང་ཆེ་ཤོས་ཤིག་ཏུ་ཕྱག་རྒྱའི་ངོས་ཀྱི་ཡི་གེ་ནི། “དབོན་འ་ཞ་རྗེ་ཏག་ན”ཞེས་ཀློག་དགོས་ཚུལ་དང་ཏག་ན་ནི་འ་ཞ་རྗེའི་མིང་ཡིན་ཚུལ་སྐོར་འགྲེལ་བརྗོད་གནང་། བརྡ་རྙིང་བར་རྨོངས་མཁན་ཞིག་ཡིན་ཚེ་དེ་ལའང་ཁག་མི་འདུག་སྟེ། བར་སྐབས་དེར་གསར་ལམ་ཁག་ཏུ་ཕྱག་རྒྱའི་ངོས་ཀྱི་ཡི་གེ་བཤེར་འབེབས་བྱས་པའི་གཟུགས་རིས་ཀྱི་ཚོས་གཞི་མི་འདྲ་བ་གཉིས་བྱུང་བ་གཤམ་གསལ།

                                                                                                                                   མཚོ་སྔོན་འཁོར་སྐར་འཕྲིན་ལམ་ཐོག་བཏང་བའི་ཚོས་གཞི་དཀར་པོ་ཅན་གྱི་ཕྱག་རྒྱའི་གཟུགས་རིས་སྟེང་གི་ཡི་གེ།

                                                                                                                        ཀྲུང་གོའི་ཚན་རིག་ཞིབ་འཇུག་གླིང་གི་ནུས་མཐོའི་དངོས་ཁམས་ཞིབ་འཇུག་སའོ་ཡིསCTབཤེར་འབེབས་བྱས་པའི་ཕྱག་རྒྱའི་སྟེང་གི་ཡི་གེ།

        མཚོ་སྔོན་འཁོར་སྐར་འཕྲིན་ལམ་ཐོག་བཏང་བའི་གཟུགས་རིས་ཚོས་གཞི་དཀར་པོའི་སྟེང་གི་ཡིག་འབྲུ་མཐའ་མ་བཞི་ལས་གཉིས་པ་དེ་ནི་བལྟས་ཚོད་ཀྱིས་སྡེ་བ་གསུམ་པའི་ཏ་ཡིག་གི་འབྲི་ཚུལ་དང་། ཡིག་འབྲུ་བཞི་བ་ནི་སྡེ་བ་གསུམ་པའི་ན་ཡིག་གི་འབྲི་ཚུལ་ལྟར་སྣང་བར་མ་ཟད་རྗེ་ལ་ཡང་འགྲེང་བུ་མེད་པར་རྗ་ཞེས་ཕབ་འདུག དེའི་རྗེས་ཀྲུང་གོའི་ཚན་རིག་ཞིབ་འཇུག་གླིང་གི་ནུས་མཐོའི་དངོས་ཁམས་ཞིབ་འཇུག་སའོ་ཡིས་གསར་གཏོད་བྱས་པའིCTབཤེར་འབེབས་འཕྲུལ་ཆས(中国科学院高能物理研究所自助研发的CT扫描器)ཀྱིས་བཤེར་འབེབས་བྱས་པའི་གཟུགས་རིས་ཚོས་གཞི་ངང་སེར་གྱི་སྟེང་གི་ཡིག་འབྲུ་དག་ལ་ཞིབ་མོར་བལྟས་ཚེ། རྔ་མོང་གི་སུག་བཞིའི་འོག་ཏུ་ཡིག་འབྲུ་ལྔ་འཁོད་ཡོད་པ་སོ་སོར“དབོན་འ་ཞ”ཡིན་པ་གསལ་བོར་ཤེས་ཐུབ་པར་མ་ཟད། རྔ་མོང་གི་འཕོངས་སམ་རྔ་མའི་ཐད་སོར་ཡིག་འབྲུ་བཞི་འཁོད་པ་སོ་སོར་“རྗེ་ཕྱག་རྒྱ”ཡིན་པ་གསལ། དེ་ལྟར་བྱས་ཚེ་ཕྱག་རྒྱའི་སྟེང་གི་ཡིག་འབྲུ་ཧྲིལ་བོ་ནི“དབོན་འ་ཞ་རྗེ་ཕྱག་རྒྱ”ཡིན་པ་གསལ་བོར་ཤེས་ཐུབ། བཙན་པོའི་དུས་ཀྱི་ཕྱག་ཐམ་མང་ཆེ་བར་ཕྱག་རྒྱ་དང་སུག་རྒྱ་ཞེས་འབྱུང་སྟེ།  དཔེར་ན། D.T.1.ཁྲང་ཆིང་མཐུན་འབྲེལ་རྡོ་རིང་གི་ནུབ་ངོས་ཀྱི་ཐིག་ཕྲེང༧༢ནས༧༤བར་དུ། གཙྀགས་ཀྱྀ་ཡྀ་གེ་ཞྀབ་མོར་བྲིས་ནས།། རྒྱལ་པོ་ཆེན་པོ་གཉྀས་གྱྀ་ནི་ཕྱག་རྒྱས་བཏབ[6]ལྟ་བུ་དང་། ཏུན་ཧོང་ཡིག་རྙིང་ཤོག་དྲིལP.T.1083གྱི་ཐིག་ཕྲེང་དང་པོར། །:། བློན་ཆེན་པོས།། འ༹དུན་ཙ་ལོང་ཅུ་ནས།། ཕགྀ་ལོི་དཕྱྀད་བཀྱེའྀ་ཕྱག་རྒྱ་ཕོག:སྟེ་ལྟ་བུའོ།།ཞེས་པ་ལས་སྤུ་རྒྱལ་བཙན་པོའི་རིང་ནས་གཞུང་ཡིག་སྟེང་བཙན་པོ་རྗེ་བློན་གྱིས་ཕྱག་རྒྱ་འདེབས་པའི་སྲོལ་དངོས་སུ་བྱུང་ཡོད་པ་ཤེས་ཐུབ།

        ཕྱག་རྒྱའི་སྟེང་གི་རྔ་མོང་གི་གཟིགས་རིས་ཀྱིས་རིག་གནས་ཀྱི་མཚོན་དོན་ཞིག་གྲུབ་ཡོད་དེ། གནའ་དུས་སུ་རྒྱལ་ཁབ་དང་མི་རིགས་གང་ཡིན་ཡང་རང་གི་འཚོ་རྟེན་དུ་གྲུབ་པའི་སྲོག་ཆགས་རིགས་མང་པོ་ཞིག་ཡོད། ཡུན་རིང་གི་འཚོ་བའི་གོ་རིམ་ཁྲོད་དུ་སྲོག་ཆགས་དེ་དག་དང་མིའི་བར་དུ་རིག་གནས་ཀྱི་མཚོན་རྟགས་ཤིག་གྲུབ་ཡོད། དཔེར་ན་གདོད་མའི་བོད་ཀྱི་འཚོ་རྟེན་དུ་གྱུར་བའི་འབྲོང་གཡག་གི་གཟུགས་རིས་ནི་སྟོད་མངའ་རིས་ནས་བར་དབུས་གཙང་དང་། སྨད་ཨ་མདོའི་ཡུལ་གྲུ་ཁག་གི་བྲག་བརྐོས་རི་མོའི་སྟེང་གང་སར་ཁྱབ་ཡོད། ཡང་ས་ཁུལ་དང་ཡུལ་དུས་ཀྱི་དབང་དུ་བྱས་པའི་སྲོག་ཆགས་གཙོ་ཤོས་ཀྱང་ཡོད་དེ། བོད་ཀྱི་སྔ་རབས་ཡིག་ཚང་ཁག་ཏུ་སུམ་པའི་མཛོ་དང་བྱང་གི་འབྲོང་། མོན་ཡུལ་གྱི་སྟག་སོགས་དཔེ་རུ་འདྲེན་པ་ལྟ་བུ། རྔ་མོང་ནི་རྒྱུན་ལྡན་བྱེ་ཐང་དང་ས་རྒོད་དུ་འཚོ་ཞིང་། གནའ་དུས་སུ་བོད་ཀྱི་བྱང་ཕྱོགས་ཀྱི་སོག་དག་དང་དྲུ་གུ་སོགས་སུ་རྔ་མོང་མང་པོ་མཐོང་རྒྱུ་ཡོད་པ་སྔར་གྱི་ཡིག་ཚང་ཁག་ཏུ་གསལ་བར་མ་ཟད། «རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས»སུ། བོད་ཡུལ་གྱི་ཆ་ལུགས་སྐོར་བརྗོད་སྐབས། “ཕྱུགས་རིགས་ལ་ནོར་དང་། རྟ་གྲགས་ཅན་དང་། ཁྱི་དང་། ལུག་དང་། ཕག་བཅས་ཡོད། ཕ་ཝང་གི་པགས་པས་ཕྱུ་པ་བཟོས་ཆོག རྔ་མོང་ནོག་གཅིག་ཅན་ཡོད་པ་ཉིན་རེར་ལེ་དབར་སྟོང་ལ་སྐྱོད་ཐུབ”[7]ཅེས་པའི་རྔ་མོང་འཚོ་ཡུལ་ནི་བྱང་ངོས་ཀྱི་འ་ཞའི་ཡུལ་འདིར་གོ་བ་ཡིན་ཏེ། མཚོ་སྔོན་པོའི་མཐའ་འཁོར་དུ་བྱུང་བའི་མི་ལོ་ཆིག་སྟོང་ཡར་སྔོན་གྱི་བྲག་བརྐོས་རི་མོའི་སྟེང་དུ་རྔ་མོང་གི་གཟུགས་རིས་བྱུང་ཡོད་པ་ལས། གཞན་གཏེར་ལེན་ཁ་གྲོང་ཁྱེར་ཀའོ་ལི་མུའུ་ཡུལ་ཚོར(德令哈市郭里木乡)རྙེད་པའི་སྤུ་རྒྱལ་བཙན་པོའི་དུས་ཀྱི་བང་སོ་ལས་བྱུང་བའི་པུར་སྒམ་ཚོན་ཁྲ་ཅན་གྱི་རི་མོའི་ངོས་སུའང་རྔ་མོང་གི་གཟུགས་རིས་ཐོན་ཡོད་ལ། འ་ཞའི་ལོ་ཚིགས་གནད་བསྡུས་ཤོག་དྲིལ་ནང་དུའང་། གནམ་གྱི་སྲས་མ་ག་ཐོ་གོན་ག་ཁན་གྱི་བཙུན་མོའི་རྫོང་སྐལ་དུ་རྔ་མོང་ལ་རྔ་རྫི་དང་། རྟ་ལ་རྟ་རྫི་བཅས་བརྫངས་བར་བརྗོད་ལ། དེ་ལས་ཀྱང་རྔ་མོང་ནི་འ་ཞའི་འགྲིམ་འགྲུལ་གྱི་འཚོ་རྟེན་གལ་ཆེན་ཞིག་ཏུ་ཆགས་ཡོད་པར་མ་ཟད་ཡུལ་ཁམས་དེའི་སྲོག་ཆགས་རིག་གནས་ཀྱི་མཚོན་བྱེད་གཙོ་བོ་ཤིག་ཏུ་གྱུར་ཡོད་པའང་ངང་གིས་ཤེས་ཐུབ་བོ། །

གསུམ་པ། ཕྱག་རྒྱའི་བདག་པོ་ངོས་འཛིན།

        བཀའི་ཕྱག་རྒྱ་འདིའི་བདག་པོ་སུ་ཡིན་གསལ་བོར་ངེས་དགོས་ན་སྔོན་ལ་སྤུ་རྒྱལ་བཙན་པོ་དང་འ་ཞ་གཉིས་བར་དུས་ནམ་ཞིག་ལ་གཉེན་གྱི་འབྲེལ་བ་ཚུགས་པའི་སྐོར་ཅུང་ཟད་ཤེས་དགོས། «ཆོས་འབྱུང་མཁས་པའི་དགའ་སྟོན»དུ། “གུང་སྲོང་འདི་ཡབ་ཀྱིས་ང་གསུམ་བཞེས་པ་ལྕགས་མོ་སྤྲུལ་ལ་འཁྲུངས། ལོ་བཅུ་གསུམ་ན་རྒྱལ་སར་བསྐོས། བཙུན་མོ་འ་ཞ་བཟའ་མོང་རྗེ་ཁྲི་དཀར་ཁབ་ཏུ་བཞེས་པ་ལ་སྲས་མང་སྲོང་མང་བཙན་འཁྲུངས།”[8]ཞེས་པ་དང་། “མོང་བཟའ་ལ་སྲས་གུང་རི་གུང་བཙན་འཁྲུངས། ཡུམ་སྲས་གཉིས་ཀྱི་རྟེན་སྐལ་དུ་འཕགས་མ་སྒྲོལ་མའི་དབྱིབས་ཅན་གྱི་རི། དཔལ་གྱི་ཡེར་པའི་ལྷ་ཁང་བཞེངས། ལོ་བཅུ་གསུམ་ལོན་ཚེ་རྒྱལ་སར་དབང་བསྐུར། བཙུན་མོ་འ་ཞ་བཟའ་ཁོ་འཇོ་མོང་རྗེ་ཁྲི་དཀར་ཏི་ཤགས་བྱ་བ་ཁབ་ཏུ་བཞེས་པས་སྲས་མང་སྲོང་མང་བཙན་འཁྲུངས།”[9]ཞེས་སྲོང་བཙན་གྱི་སྲས་གུང་རུ་གུང་བཙན་གྱིས་འ་ཞའི་ཡུལ་དུ་བཙུན་མོ་མོང་རྗེ་ཁྲི་དཀར་ཏི་ཤགས་བྱ་བ་ཁབ་ཏུ་བཞེས་ཏེ་སྤུ་རྒྱལ་དང་འ་ཞ་རྒྱལ་ཕྲན་བར་དུ་གཉེན་གྱི་འབྲེལ་བ་ཐོག་མར་བསྐྱངས། དེའི་རྗེས་སུ་བཙན་པོ་མང་སྲོང་མང་བཙན་གྱི་རིང་ལའང་སྤུ་རྒྱལ་དང་འ་ཞ་ཕན་ཚུན་བར་གཉེན་གྱི་འབྲེལ་བ་བྱུང་ཡོད་ངེས་སྙམ་ཡང་དཔྱད་གཞིའི་ཡིག་ཆའི་ཚད་བཀག་གི་དབང་གིས་མཐོང་ལམ་དུ་མ་བྱུང་། ཁྲི་འདུས་སྲོང་གི་རིང་སྤུ་རྒྱལ་དང་འ་ཞའི་བར་ཡང་བསྐྱར་གཉེན་གྱི་འབྲེལ་བ་བྱུང་ཡོད་དེ། ཏུན་ཧོང་ཡིག་རྙིང་ཤོག་དྲིལI.O.750གྱི་ཐིག་ཕྲེང༥༢ནས༥༣བར། །:།གླང་གྱྀ་ལོ་ལ:བབ་སྟེ།བཙན་པོ་ཉེན་ཀར་གྱྀ་ཐང་བུ་ར་ན་བཞུགས་ཤྀང། བཙན་མོ:ཁྲྀ་བངས། འ་ཞ་རྗེ་ལ:བག་མར:གཤེགས། ཞེས་སྤྱི་ལོ༦༨༩ལོར་བཙན་པོ་འདུས་སྲོང་མང་པོ་རྗེའི་སྐུ་སྲིང་ཁྲི་བངས་བྱ་བ་འ་ཞ་རྗེ་ལ་བག་མར་བྱིན་པ་དང་། དུས་དེ་ནས་བཟུང་སྤུ་རྒྱལ་དང་འ་ཞ་གཉིས་ཞང་དབོན་གྱི་འབྲེལ་བར་གྱུར། ཞང་དབོན་གཉིས་སུ་ཕྱེ་བའི་ཞང་ཅེས་པ་ནི་ཞང་པོ་སྟེ། རང་གི་མའི་སྤུན་ཕོ་ལ་ཞང་པོའམ་ཨ་ཞང་ཞེས་བརྗོད། དབོན་བྱ་བའི་སྐབས་སུ་སྐྱེས་པའི་རང་གི་ཕུ་བོ་དང་ནུ་བོ། སྲིང་མོའི་བུ་ལ་དབོན་པོ་ཞེས་ཟེར་ཞིང་། དེའང་གོ་བདེ་བར་བརྗོད་ན་དབོན་བྱ་བའི་སྐབས་སུ་ནང་དོན་ཆེན་པོ་གཉིས་སུ་བསྡུ་ཆོག་སྟེ། དང་པོ་སྐྱེས་པ་རང་གི་ཕུ་ནུའི་བུ་ལ་འཇུག་ཅིང་། བསྟན་བྱ་འདིའི་སྐབས་སུ་ཁུ་དང་འགྲོགས་ནས་མིང་གི་ཚོགས་པ་གྲུབ་ཡོད། དཔེར་ན། ས་སྐྱ་པཎྜི་ཏ་དང་ཁོང་གི་གཅུང་བསོད་ནམས་རྒྱལ་མཚན་གྱི་སྲས་འགྲོ་མགོན་འཕགས་པ་གཉིས་ལ་ས་པཎ་ཁུ་དབོན་ཞེས་འབོད་པ་ལྟ་བུ། ཕྱི་མ་སྐྱེས་པ་རང་གི་སྲིང་མོའི་བུ་ལ་འཇུག་པའི་སྐབས་སུ་ཞང་དང་སྦྱར་ནས་མིང་གི་ཚོགས་པ་གྲུབ་པ་ནི་ཞང་དབོན་ཏེ། ཏུན་ཧོང་ཡིག་རྙིང་ཤོག་དྲིལI.O.750གྱི་ཐིག་ཕྲེང༡༩༡ནས༡༩༢བར། དགུན་བཙན་ཕོེ:ཕོ་བྲང་ཇོར་གོང་སྣ:ནའ༹་བཞུགསྟེ། འབོན་འ་ཞ་རྗེ་དང། ཞང་དབོན:གདན་ཚོམ།ཞེས་པ་ལྟར། བཙན་པོ་འདུས་སྲོང་མང་པོ་རྗེའི་སྐུ་སྲིང་ཁྲི་བངས་འ་ཞའི་ཡུལ་དུ་བག་མར་བྱིན་རྗེས་སྤུ་རྒྱལ་ནི་འ་ཞའི་ཞང་པོར་གྱུར་པ་དང་། འ་ཞ་ནི་སྤུ་རྒྱལ་གྱི་དབོན་པོར་གྱུར་བས་དབོན་འ་ཞ་རྗེ་ཞེས་པའི་ཐ་སྙད་ཀྱི་འདོགས་ཚུལ་ཐོག་མའང་དེ་ནས་བྱུང་། ལྷ་བཙན་པོ་དག་གི་སྐུ་སྲིང་དག་རྒྱལ་ཁབ་གཞན་དང་རྒྱལ་ཕྲན་གྱི་རྗེ་བོའི་བཙུན་མོར་གཤེགས་པ་ནི་སྤུར་རྒྱལ་བཙན་པོའི་དུས་ཀྱི་སྲིད་སྐྱོང་གི་བྱེད་ཐབས་ཤིག་ཡིན་ཏེ། དཔེར་ན། སྲོང་བཙན་གྱི་སྐུ་སྲིང་སད་མ་ཀར་ཞང་ཞུང་རྒྱལ་པོ་ལིག་མི་རྐྱའི་ཁབ་ཏུ་གཤེགས་ནས་ཞང་ཞུང་འབངས་སུ་བཀུག་པ་དང་། བྲུ་ཞ་ཕབ་རྗེས་བཙན་པོ་ཁྲི་གཙུག་ལྡེ་བཙན་གྱི་སྲས་མོ་ཇེ་བ་ཁྲི་མ་ལོད་བྲུ་ཞའི་རྗེ་བོ་ལ་བག་མར་བཏང་བ་ལྟ་བུ་ལས་ཤེས་ཐུབ། འདུས་སྲོང་ཡབ་སྲས་ཀྱི་སྐབས་འ་ཞ་ནི་སྤུ་རྒྱལ་བཙན་པོའི་ཆབ་འབངས་རྣལ་མར་གྱུར་ནས་ལོ་མང་བོ་ཕྱིན་མེད་སྟབས། མཐའ་མཚམས་སྔར་ལས་བརྟན་སྲུང་དང་འ་ཞའི་ཆབ་སྲིད་བདེ་འགོད་ཀྱི་ཆེད་དུ་བཙན་པོ་ཁྲི་འདུས་སྲོང་གི་སྐུ་སྲིང་ཁྲི་བངས་འ་ཞར་བཙུན་མོར་བརྫངས་ཤིང་ཁྲི་བངས་ཀྱི་སྲས་ནི་དབོན་འ་ཞ་རྗེ་ཐོག་མ་དེ་ཆགས་མོད། འོན་ཀྱང་། དོན་ཆེན་གནད་བསྡུས་ནང་བཙན་མོ་ཁྲི་བངས་འ་ཞ་རྗེར་གནས་ལ་བྱིན་རྗེས་ཀྱི་གནས་ཚུལ་ཅིང་མི་གསལ་བས། ཁྲི་བངས་ལ་སྲས་ཡོད་མེད་དང་གལ་སྲིད་སྲས་ཡོད་ཀྱང་འ་ཞའི་རྗེ་བོའི་འགན་མཛད་ཡོད་མེད་ཀྱི་གནས་ཚུལ་སུས་ཀྱང་ཁ་ཚོན་གཅོད་མི་ཐུབ། སྟབས་ལེགས་པ་ཤིག་ནི། དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་འ་ཞའི་ལོ་ཚིགས་གནད་བསྡུས་སྐོར་གྱི་ཤོག་དྲིལ་འགངས་ཆེན་ཞིག་ཉར་ཡོད་ལ། ཤོག་དྲིལ་དེར་ཏག་ཏག་ཁྲི་འདུས་སྲོང་གི་སྐུ་སྲིང་ཁྲི་བངས་འ་ཞའི་ཡུལ་དུ་བག་མར་གཤེགས་རྗེས་བུ་སྲིད་བསྐྱངས་ཏེ་འ་ཞའི་ཆབ་སྲིད་བསྐྱངས་བའི་གནས་ཚུལ་བཀོད་ཡོད་པས། རྟེན་འབྲེལ་མ་བསྒྲིགས་རང་འགྲིགས་ཀྱིས་དབོན་འ་ཞ་རྗེའི་མཚན་གྱི་གནད་རྟོལ་བྱེད་ཀྱི་ལྡེ་མིག་ཏུ་གྱུར། དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་ཡིག་རྙིང་ཤོག་དྲིལS.T.VOL.69.ol.84སྟེ་འ་ཞའི་ལོ་ཚིགས་གནད་བསྡུས་ཀྱི་ཐིག་ཕྲེང༨ནས༡༣བར་འཁོད་དོན།

        ༨.ཁྲི་བངས□□□□ས་ཀྱི་ཕོ་བྲང་དེའི་དགུན་སྲ་བལ་གྱི□□□□

        ༩.དེ་ནས་□□□□གནམ་གྱི་སྲས་མ་ག་ཐོ་གོན་ཁ་གན་ཀྱི་□□□□

        ༡༠.ས་ཏ་ཉ་བ་བ་དུ་བཞེས་ཏོ།འ་ཞ་རྗེའི༹་དཔྱང་ལགིས་བཀབ་ནས།།□□□

        ༡༡.ད་དའྀ་ལྱོང་ཇེང་དུ་སྤར།། དེ་ནས་སྤྲེའི༹་ལོའ་ལོ་སར་།། སྲ་བལ□□□□

        ༡༢.པོ་ཡང་དར་གསོལ།། དེའི་དབྱར་ཡུཾ་བཙན་མོ་ཁྲི་བངས་ཀྱྀ་ཞམ་རྀ[ང]□□□□  

        ༡༣.སྟོང་སྡེའི་སྤར་བཀལ། ཞེས་པ་ལྟར། ཤོག་དྲིལ་འདིར་སྤྱི་ལོ༧༠༦ནས༧༡༤ལོའི་བར་གྱི་ལོ་དགུའི་རིང་གི་འ་ཞའི་ཆབ་སྲིད་དོན་ཆེན་རྣམས་བཀོད་ཡོད་ཅིང་། དེ་ལས་ཐིག་ཕྲེང་བརྒྱད་པ་ནས་བཅུ་གཉིས་བར་བཙན་པོ་འདུས་སྲོང་མང་པོ་རྗེའི་སྐུ་སྲིང་ཁྲི་བངས་ཡུམ་སྲས་ཀྱི་གནས་ཚུལ་ཐོན་ཡོད་པར་མ་ཟད། ཁྲི་བངས་ཀྱི་སྲས་ཀྱི་མཚན་ལ་མ་ག་ཐོ་གོན་ཁ་གན(莫贺吐浑可汗)ཞེས་བཏགས་ཡོད་པས་ཕྱག་ཐམ་སྟེང་གི་དབོན་འ་ཞ་རྗེ་བྱ་བ་ནི་ཁྲི་བངས་ཀྱི་སྲས་མ་ག་ཐོ་གོན་ཁ་གན་ཡིན་པ་ཤེས་ཐུབ། འདིར་དོགས་གནད་ཅིག་ཡོད་པ་ནི། ཁྲི་བངས་ཀྱི་སྲས་ལ་རྗེ་བོ་ཞེས་མཚན་མི་གདགས་པར་མ་ག་ཐོ་གོན་ཁ་གན་ཞེས་འབོད་དགོས་པའི་དྲི་བ་འདོན་མཁན་ཡང་ཡོད་སྲིད་མོད། དེ་ལ་མ་ག་ཐོ་གོན་ཁ་གན་ཞེས་འབོད་དགོས་པར་ཡང་རྒྱུ་མཚན་ཡོད་དེ། སྤྱི་ལོ༦༦༣ལོར་ཐུའུ་ཡུས་ཧུན(吐谷浑)[10]གྱི་རྒྱལ་པོ་མཐའ་མ་མུའུ་རུང་ནོ་ཧོ་པོ(慕容诺曷钵)དང་ཧོང་ཧྭ་ཀོང་ཇོ(弘化公主)སྟངས་དཔྱལ་གཉིས་ཀྱིས་ཐུའུ་ཡུས་ཧུན་གྱི་མི་སྡེ་ལྷག་མ་རྣམས་ཁྲིད་དེ་ལིང་ཅུ་རུ་སྐྱབས་བཅོལ་དུ་བྲོས་པ་ནས་བཟུང་མངའ་ཁོངས་ཆ་ཚང་བོད་ཀྱི་ཆབ་འོག་ཏུ་ཤོར། ཤུལ་དུ་ལྷག་ཡོད་པའི་མི་སྡེ་མང་ཆེ་བ་གཉུག་མའི་དུས་ཀྱི་འ་ཞ་བ་རྣམས་ཡིན་ཞིང་དེ་ལས་སྟོབས་ཆེ་བ་ནི་འ་ཞ་མ་ག་རུས་ཚོ་ཡིན། ཏུན་ཧོང་ཡིག་རྙིང་ཤོག་དྲིལ་ཤོག་དྲིལP.T.1095སྟེ་ཡོས་བུ་ལོའི་གླང་ཉོ་བའི་གན་རྒྱའི་ནང་དུ། འང་གྭང་ཧྀང་གིས་འ་ཞ་མ་ག་དོན་ཅིན་གྱྀ་སྡེ་ཟྀང་ནུ་ཀུ་སྤོང་བྱ་བའི་ལག་ནས་གླང་ཞིག་ཉོས་པའི་གན་རྒྱ་དེར་གཞིགས་ན་མ་ག་ནི་འ་ཞའི་ཁོངས་ཀྱི་རུས་ཚོ་ཆེན་པོ་ཞིག་ཡིན་པ་ཤེས་ཐུབ་ཅིང་ཐོ་གོན་ནི་རྒྱ་སྐད་ཀྱི་ཐུའུ་ཧུན(吐浑)སྒྲ་བསྒྱུར་བ་ཡིན་ལ། ཁ་གན[11]ནི་གནའ་བོའི་དུས་སུ་བྱང་ཕྱོགས་ཕྱུགས་ལས་མི་རིགས་ཀྱིས་ཆེས་མཐོའི་དབང་བསྒྱུར་མཁན་གྱི་འབོད་ཚུལ་ལ་གོ། དེ་ལྟར་སྤུར་རྒྱལ་བཙན་པོས་འ་ཞ་མ་གའི་རུས་ཚོའི་ཁྲོད་ཀྱི་དཔོན་སྣ་གཙོ་བོར་མི་སྡེ་སྐྱོང་དུ་བཅུག་ནས་དེ་ལ་བཙན་པོའི་སྐུ་སྲིང་བཙུན་མོར་བརྫངས་ཏེ་དབོན་འ་ཞ་རྗེའི་ཐབས་བསྩལ་བས། སྤུ་རྒྱལ་གཞུང་ནས་ཁྲི་བངས་ཀྱི་སྲས་ལ་དབོན་འ་ཞ་རྗེར་འབོད་པ་དང་འ་ཞའི་ཡུལ་དུ་ཐོ་གོན་ཁ་གན་ཞེས་འབོད་པ་ནི་དོན་རྩ་གཅིག་ལ་བབས་ཡོད་པའི་གནད་ཀྱང་རིམ་བཞིན་རྟོགས་ཐུབ།

        གཞན་ཞན་པའེ་མུའུ་རུང་གི་རུས་རྒྱུད(鲜卑慕容氏)ལས་མཆེད་པའི་ཐུའུ་ཡུས་ཧུན་གྱི་གདུང་རྒྱུད་ཀྱིས་འ་ཞའི་ཡུལ་ཁམས་དབང་དུ་བསྡུས་ནས་མི་ལོ་སུམ་བརྒྱ་ལྔ་བཅུ་ལྷག་འགོར་བའི་རིང་འ་ཞའི་ཆབ་སྲིད་ཀྱི་སྒྲིག་འཛུགས་དང་དཔོན་གནས་ཀྱི་མིང་ཕལ་ཆེ་བར་ཡང་ཞན་པའེ་རིགས་ཀྱི་ཤན་ཤུགས་ངེས་ཅན་ཞིག་ཐེབས་ཡོད་དེ། དཔེར་ན། ཏུན་ཧོང་ཡིག་རྙིང་ཤོག་དྲིལP.T.1286རྒྱལ་རབས་རིམ་བྱུང་ནང་གི་ཐིག་ཕྲེང༥༢ནས༥༨བར། རྒྱལ་རབས་ཉེར་བདུན་པ་བཙན་པོ་ཁྲི་ཐོག་རྗེ་བཙན་ནས་རྒྱལ་རབས་སོ་བཞི་བ་གུང་སྲོང་གུང་བཙན་བར་གྱི་བཙུན་མོ་དག་གི་རུས་མིང་རེ་རེ་བཞིན་ཁོལ་དུ་བྱུང་ཡོད་ཅིང་། དེ་ལས་གུང་སྲོང་གུང་བཙན་གྱི་བཙུན་མོའི་མཚན་འགོད་སྐབས། གུང་སྲོང་གུང་རྩན་དང༌། ཁོན་ཅོ་མང་མོ་རྗེ་ཁྲྀ་སྐར་དུ་བཤོས་པ་འྀ༹་སྲས། །མང་སློན་མང་རྩན། ཞེས་པའི་ཁོན་ཅོ་ནི་རྒྱའི་སྐད་ཀྱི་ཀོང་ཀྲུའུ(公主)སྟེ། གུང་སྲོང་གི་བཙུན་མོ་འ་ཞ་བཟའ་མང་པོ་རྗེར་ཁོན་ཅོ་ཞེས་པའི་མཚན་སྦྱར་ཡོད་པ་དང་། དཔེ་དེ་བཞིན་དུ་འ་ཞའི་ཡུལ་དུ་རྗེ་བོ་ལ་ཐོ་གོན་ཁ་གན་ཞེས་མིང་འདི་བེད་སྤྱད་གཏོང་གི་ཡོད་ལ་དེ་ནི་འ་ཞ་དབང་བསྒྱུར་བྱེད་མཁན་གྱི་ཐུའུ་ཡུས་ཧུན་རིགས་ཀྱིས་རྗེ་བོའི་འབོད་སྲོལ་ཡིན་ནོ། །

        ཁྲི་བངས་ནི་སྤྱི་ལོ༦༨༩ལོར་འ་ཞ་རྗེའི་བཙུན་མོར་བསྩལ་བས། རྒྱུན་ལྡན་ལྟར་ན་སྲས་མ་ག་ཐོ་གོན་ཁ་གན་ནི་ཧ་ལམ༦༩༠གཡས་གཡོན་ཙམ་དུ་འཁྲུངས་པར་མངོན། དེ་ལྟར་བྱས་ཚེ་སྤྱི་ལོ༧༠༦ལོར་ཁྲི་བངས་ཀྱི་སྲས་མ་ག་ཐོ་གོན་ཁ་གན་དགུང་ལོ་བཅོ་ལྔ་གཡས་གཡོན་ལ་སླེབས་ཡོད། འ་ཞའི་ལོ་ཚིགས་གནད་བསྡུས་ཤོག་དྲིལS.T.VOL.69.ol.84ལ་གཞིགས་ན། ཁྲི་བངས་ཀྱི་སྲས་དབོན་འ་ཞ་རྗེ་མ་ག་ཐོ་གོན་ཁ་གན་གྱིས་སྤྱི་ལོ༧༡༢ནས༧༡༣བར་ལོ་གཉིས་ཀྱི་ནང་སྔ་ཕྱིར་མུག་ལྡེན་ཧ་རོད་པར[12]གྱི་བུ་མོ་ཨ་ལྱེ་བང་དིག་ཤིང་དང་ཅོག་རོ་སྟོང་རེ་ཁོང་ཟུང་གི་བུ་མོ་ཅོག་རོ་དིག་ཞིང་གཉིས་ཁབ་ཏུ་བསུས་ཤིང་། ཏུན་ཧོང་ཡིག་རྙིང་ཤོག་དྲིལI.O.750གྱི་ཐིག་ཕྲེང༡༩༠ནས༡༩༣བར། །ཡོས་བའྀ་ལོ་ལ།བཙན་པོ:དབྱར་ཆབ་སྲྀད་ལ:འ་ཞ་ཡུལ་དུ་གཤེགསྟེ། ཤུལདུ:དབའས:སུམ་པོ:སྐྱེས:བྐའ་གྱོད་ལ:ཆགས། རྒྱའྀ་མཁར:ཀྭ་ཆུ:སྀན་ཅང་ཕབ། བློན་ཆེན་ཕོ:མང་ཞམ:གུམ། དགུན་བཙན་ཕོེ:ཕོ་བྲང་ཇོར་གོང་སྣ:ནའ༹་བཞུགསྟེ། འབོན་འ་ཞ་རྗེ་དང། ཞང་དབོན:གདན་ཚོམ། དབའས:སྟག་སྒྲ:ཁོང་ལོད:བློན་ཆེན་པོར:བཀའ་སྩལད། འ་ཞ:ཕལ:ཕོ་ཆེ:བྱ་སྒ:སྩལད། བོད་ཡུལ:གྱྀ་གདུན་འདུན:སྐྱྀ:ལྷས:གང་ཚལ:དུ། ཞང་འབྲྀང་རྪན:ཁྱྀ་བུས:བསྡུས། ཞེས་སྤྱི་ལོ༧༢༧ལོར་བཙན་པོ་ཁྲི་ལྡེ་གཙུག་བརྟན་སྐུ་དངོས་མདོ་སྨད་འ་ཞའི་ཡུལ་དུ་ཕེབས་ཏེ་དབོན་འ་ཞ་རྗེ་དང་ཞང་དབོན་གདན་གཅིག་ཏུ་འཛོམས་ནས་བཙན་པོས་འ་ཞ་ཕལ་མོ་ཆེར་བྱ་དགའ་བསྩལ་ཡོད། བྱ་དགའ་སྩོལ་དོན་ཡང་ལོ་དེར་དབོན་འ་ཞ་རྗེ་མ་ག་ཐོ་གོན་ཁ་གན་གྱི་བཀའ་ལྟར་བོད་ཀྱི་བྱང་ངོས་ཏུན་ཧོང་ཕྱོགས་ལ་ཐོག་མར་དམག་སྣ་དྲངས་ཏེ་རྒྱའི་མཁར་ཀྭ་ཆུ[13]སིན་ཅང་ལ་སོགས་པ་ཕབ་པས་གཟུགས་བཟོས་བདག་རྐྱེན་དུ་སྤྲད་པ་ཡིན་པར་སྙམ། གཞན་ཡང་། ཏུན་ཧོང་ཡིག་རྙིང་ཤོག་དྲིལB.M.Or.8212ཀྱི་ཐིག་ཕྲེང༤ནས༦བར། བྱ་གགི་ལོ་ལ་བབསྟེ།བཙན་པོེ་ཕོ་བྲང། ཡར་འབྲོགྀ:ཡྀ་དྔ་ན:བཞུགས། རྒྱའྀ་དམག་དཔོན་འབའ་ཙང་ཀུན། ཀོག་ཡུལ་གྱི་རྒྱའྀ་གྱིམ:པོ:དྲངསྟེ། དབོན་འ་ཞ་རྗེ་དྔ:བློན་མང་ཕོ:རྗེ་གཉིས:གྱིས:མཁར:ཇིད་པར:ལ:བརྒལ་དེ། རྒྱའྀ:རམ:འདའ་ཇྀད་པར་དུ། པུན་རྒོན་མཁར་ཕོ་ཅེར་དྲངསྟེ། རྒྱ་ཕལ་ཅེར་བཀུཾ། ཅེས། སྤྱི་ལོ༧༤༥ལོར་དབོན་འ་ཞ་རྗེ་མ་ག་ཐོ་གོན་ཁ་གན་དང་བློན་མང་པོ་རྗེ་གཉིས་ཀྱིས་ཐང་དམག་གི་ལག་ནས་ཇིད་པར་མཁར་བླངས་ཚུལ་བཅས་བཀོད་པར་གཞིགས་ན། འདུས་སྲོང་མང་པོ་རྗེའི་སྐུ་སྲིང་ཁྲི་བངས་ཀྱི་སྲས་དབོན་འ་ཞ་རྗེའམ་མ་ག་ཐོ་གོན་ཁ་གན་ནི་ཆེས་མ་མཐའ་ཡང་སྤྱི་ལོ༧༤༥ལོའི་བར་དུ་འཚོ་བཞུགས་གནང་ཡོད་ཅིང་དེ་ལྟར་བྱས་ཚེ་གང་དེ་ཧ་ལམ་དགུང་ལོ་ལྔ་བཅུའི་ནང་ཙམ་དུ་སྐུ་འཚོ་བཞུགས་གནང་ཡོད་པ་ཤེས་ཐུབ་པར་མ་ཟད། འབྲེལ་ཡོད་གནའ་དཔྱད་ཆེད་མཁས་པས་ཀྱང༢༠༡༨ལོའི་ཤེའུ་བང་སོ་དང་པོ་ལས་ཐོན་པའི་རིག་དངོས་ལ་ཞིབ་འཇུག་བརྒྱུད་མཐར་བང་སོ་ཧ་ལམ་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་ལ་གྲུབ་ཡོད་པ་བཅས་ལ་གཞིགས་ན། བཀའི་ཕྱག་ཐམ་སྟེང་གི་དབོན་འ་ཞ་རྗེ་བྱ་བ་ནི་བཙན་པོ་འདུས་སྲོང་མང་པོ་རྗེའི་སྐུ་སྲིང་ཁྲི་བངས་ཀྱི་སྲས་མ་ག་ཐོ་གོན་ཁ་གན་དང་ར་འཕྲོད་དོ། །

མཇུག་བསྡུ་བ།

        མདོར་ན་གཏེར་ལམ་གྱི་ཡུལ་གྲུ་འདི་དག་ནི་སྤུ་རྒྱལ་བཙན་པོའི་དུས་སུ་མདོ་སྨད་ཕྱོགས་ཀྱི་དམག་གི་རྟེན་གཞི་གལ་ཆེན་ཞིག་ཡིན་ཞིང་། གཏེར་ལམ་རྫོང་རུ་སྔན་ཁོག༢༠༡༨ཤེའུ་བང་སོ་དང་པོ་ལས་རྙེད་པའི་བཀའི་ཕྱག་རྒྱ་དེ་ནི་སྤུ་རྒྱལ་བཙན་པོའི་དབང་འོག་གི་དབོན་འ་ཞ་རྗེའི་ཕྱག་ཐམ་ཡིན་ལ། དབོན་འ་ཞ་རྗེ་བྱ་བ་ནི་བཙན་པོ་ཁྲི་འདུས་སྲོང་གི་སྐུ་སྲིང་ཁྲི་བངས་ཀྱི་སྲས་མ་ག་ཐོ་གོན་ཁ་གན་ཡིན། སྤྱི་ལོ༦༦༣ལོར་ཐུའུ་ཡུས་ཧུན་གྱི་མཇུག་མཐའི་རྗེ་བོ་མུའུ་རུང་ནོ་ཧོ་པོ་སྟངས་དཔྱལ་གཉིས་ཀྱིས་ཐུའུ་ཡུས་ཧུན་གྱི་འབངས་ཁྱིམ་ལྷག་མ་ཁྲིད་དེ་ལིང་ཅུར་བྲོས་པ་ནས་བཟུང་། ཐུའུ་ཡུས་ཧུན་གྱིས་མི་ལོ་སུམ་བརྒྱ་ལྷག་གི་རིང་དུ་འ་ཞའི་ཡུལ་ཁམས་དབང་དུ་བསྒྱུར་བའི་ཆབ་སྲིད་མཇུག་སྒྲིལ། སྐབས་དེར་སྤུ་རྒྱལ་བཙན་པོའི་གཞུང་ནས་འ་ཞའི་ཡུལ་དུ་གཉུག་མར་གནས་པའི་མ་ག་རུས་ཚོར་འ་ཞའི་ཆབ་སྲིད་སྐྱོང་དུ་བཅུག་ནས་བཙན་པོའི་སྐུ་སྲིང་ཁྲི་བངས་བཙུན་མོར་བརྫངས་ཤིང་། ཁྲི་བངས་ལ་སྲས་མ་ག་ཐོ་གོན་ཁ་གན་འཁྲུངས་པས། མ་ག་ཐོ་གོན་ཁ་གན་ནི་དབོན་འ་ཞ་རྗེ་ཐོག་མ་དེ་ཆགས། ཐོ་གོན་ནི་རྒྱའི་སྐད་ཀྱི་ཐུའུ་ཧུན(吐浑)གྱི་སྒྲ་བསྒྱུར་བ་ཡིན་ལ། ཁ་གན་ནི་གནའ་བོའི་དུས་སུ་བྱང་ཕྱོགས་ཕྱུགས་ལས་མི་རིགས་ཀྱིས་ཆེས་མཐོའི་དབང་བསྒྱུར་མཁན་གྱི་འབོད་ཚུལ་ལ་གོ །དེ་བས་ཐོ་གན་ཁ་གན་ནི་ཐུའུ་ཧུན་གྱི་རྒྱལ་པོ་ཞེས་པ་སྟེ་དོན་དུ་འ་ཞ་རྗེའི་འགྲེལ་ཚུལ་ཡིན་པའི་ངེས་ཤེས་རོབ་ཙམ་རྙེད་ཐུབ་བོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1