ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྤྱི་བསྒྲགས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 01-12


ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྤྱི་བསྒྲགས།

(2023ལོའི་ཟླ་1ཚེས་10ཉིན་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གྲོས་འཆམ་བྱུང་བ)

        ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་2023ལོའི་ཟླ་1ཚེས་9ཉིན་དང་ཚེས་10ཉིན་པེ་ཅིང་དུ་འཚོགས་ཤིང་། ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཨུ་ཡོན་127ཡོད་པ་དང་། ཟུར་ཞུགས་མི་སྣ་207ཡོད་པ་རེད།

        ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ་དང་། ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་ཚོགས་འདུར་ཞུགས་ཡོད་པ་རེད།

        ཚང་འཛོམས་གྲོས་ཚོགས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ལྷན་གྱིས་གཙོ་སྐྱོང་བྱས་ཤིང་། ཚང་འཛོམས་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ། 2023ལོའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བཅས་བྱས་པ་མ་ཟད། བློ་མཐུན་ལི་ཞི་ཡིས་ཀྲུང་དབྱང་སྒྲིག་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་གནང་བའི《ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་རྒྱང་ལམ་གསར་པར་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་དགོས》ཞེས་པའི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་ཡང་བྱུང་བ་རེད།

        ཚང་འཛོམས་གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ཤིང་། ཚང་མས། གསུང་བཤད་ནང་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཀྱི་འབྱུང་རྐྱེན་དང་། དཀའ་གནད་ཀྱི་མཚོན་ཚུལ་གཙོ་བོ། དཀའ་གནད་སེལ་བའི་ཐབས་ཤེས་བཅས་ལ་དབྱེ་ཞིབ་གཏིང་ཟབ་གནང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་གི་དམིགས་ཚད་ལས་འགན་དང་ལག་ལེན་གྱི་བླང་བྱ་འཐུས་སྒོ་ཚང་དུ་གཏོང་བར་རྒྱས་བཤད་ཞིབ་ཕྲ་གནང་བ། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བའི་ཐད་འཐབ་ཇུས་བཀོད་སྒྲིག་གནང་ཡོད། གསུང་བཤད་ནི་མཐོ་གཟིགས་འོག་བསྐྱངས་དང་། དགོངས་པ་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ། རྣམ་བཤད་གནད་ལ་འཕིགས་པ་བཅས་ཡིན་ཞིང་། དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཇུས་ཀྱི་གཟིགས་རྒྱང་རིང་པོ་དང་། སྒེར་སེམས་སྤུ་ཙམ་ཡང་མེད་པའི་བླ་ན་མེད་པའི་གནས་ཚད། མི་དམངས་ལ་བཅངས་པའི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས། གནད་དོན་ལ་ཐད་ཀར་གཏུགས་པའི་འགན་འཁྲི་འཁུར་སེམས་བཅས་གང་ལེགས་མཚོན་གྱི་ཡོད། དེར་ཆབ་སྲིད་རང་བཞིན་དང་། མཛུབ་ཁྲིད་རང་བཞིན། དམིགས་སའི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པ་དང་། དེ་ནི་དུས་རབས་གསར་པའི་ཏང་འཛུགས་ཀྱི་འདུ་འགོད་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་བའི་རྩ་བའི་གཞི་འཛིན་ས་ཡིན་པས། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་སྒྲིག་བཤེར་ལྟ་ཞིབ་ལས་དོན་ཡག་པོ་སྒྲུབ་པར་རྩ་བའི་མཛུབ་ཁྲིད་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་ལ་ཐུགས་རེ་ཟབ་མོ་བཅོལ་ནས་བླང་བྱ་ཁ་གསལ་བཏོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་རང་འགུལ་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་པ་དང་། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་དུས་དང་རྣམ་པ་ཀུན་ཏུ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་བཏང་ནས། ཏང་གི་རང་ངོས་གསར་བརྗེ་རླབས་པོ་ཆེ་མཐར་ཕྱིན་བྱེད་དགོས་པའི་ངོས་འཛིན་མགྲིན་གཅིག་ཏུ་གནང་བ་རེད།

        ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་བ་དང་། སློབ་སྦྱོང་གཏིང་ཟབ་དང་། བརྟག་དཔྱད་ཞིབ་འཇུག་དངོས་བྱེད་པ། དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཐོག ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཟབ་སྦྱོང་མཐིལ་རྟོགས་དང་། མཐའ་གསལ་མཐིལ་རྟོགས། དོན་འཁྱོལ་མཐར་ཕྱིན་བཅས་བྱེད་པ་དེ། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་འབད་འཐབ་ཀྱི་སྟོབས་ཤུགས་ཆེན་པོར་འགྱུར་བ་དང་། བློ་བརྟན་འགྱུར་མེད་ངང་སྤྱོད་བཟང་སྒྲིག་ནན་གྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ལ་འགྱུར་བ། བློ་རྩ་བརྟན་པོས་ཏང་གི་སྔོན་ཐོན་དྭངས་གཙང་སྲུང་སྐྱོང་དང་། ཏང་གི་སྐྱེ་སྟོབས་དང་གསོན་ཤུགས་ནམ་ཡང་གནས་པར་བྱེད་པའི་ཕན་འབྲས་དངོས་ལ་འགྱུར་བ་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་སྐོར་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། བློ་བརྟན་འགྱུར་མེད་ངང“སྲུང་སྐྱོང་གཉིས”ཀྱི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཁུར་དགོས། ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་དང་། བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་དོན་མཐའ་དག་ལ་གཅིག་འདོམས་བྱེད་པ། ཏང་གི་སྒྲིག་ཡིག་སློབ་སྦྱོང་དང་ཏང་གི་སྒྲིག་ཡིག་གོང་དུ་བཀུར་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་སྒྲིག་ཡིག་གིས་དཀྲིས་པའི་འགན་འཁྲི་ལག་ལེན་བསྟར་བ། དུས་དང་རྣམ་པ་ཀུན་ཏུ་ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་བྱེད་པའི་རིག་པ་དྭངས་གསལ་དང་བློ་རྩ་བརྟན་པོ་རྒྱུན་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོ་བྱེད་པ། བློ་བརྟན་འགྱུར་མེད་ངང་སྤྱོད་བཟང་སྒྲིག་ནན་གྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པ་བཅས་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། ཏང་དང་མི་དམངས་ཀྱིས་དཀྲིས་པའི་ལས་འགན་སྔར་བས་ལེགས་པར་ཁུར་དགོས།

        ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། 2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་ལེན་བསྟར་འགོ་ཚུགས་པའི་ལོ་ཞིག་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་ལེན་བསྟར་བའི་སྔ་འཛིན་ཕྱི་མཐུད་ཀྱི་འགག་རྩའི་ལོ་ཞིག སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་རྨང་གཞི་འདིང་བའི་གལ་ཆེའི་ལོ་ཞིག་བཅས་རེད། སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་དོན་ཡག་པོ་སྒྲུབ་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་བཀོད་སྒྲིག་ལག་ལེན་མཐའ་གཅིག་ཏུ་བསྟར་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་ལས་འགན་གྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་ཆེད་འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་བར་འགན་ལེན་ནུས་ལྡན་བྱེད་དགོས་པ་སྟེ།

        དང་པོ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པར་དམིགས་ནས་ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་དང་། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་གི་ཆབ་སྲིད་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བར་སྐུལ་འདེད། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཆེ་རུ་བཏང་སྟེ་ཏང་ཡོངས་ཀྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་བཏང་ནས“ཡོད་པ་བདུན”གྱི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས། ཆབ་སྲིད་ཀྱི་ལྟ་སྐུལ་ཞིབ་ཕྲ་ཅན་དང་། གནད་སྨིན་ཅན། རྒྱུན་རྣམ་ཅན་བཅས་ལ་སྐུལ་འདེད་གཏོང་བ་དང་། ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་འཛུགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་སོགས་ཀྱི་འཐབ་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་ལ་དམིགས་པ། ཏང་ཀྲུང་དབྱང་གིས་དུས་བབ་དང་བསྟུན་ནས་ཐབས་ཇུས་བཀོད་སྒྲིག་བྱས་པར་དམིགས་ནས་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ། ལག་བསྟར་ཐད་ཁ་ཕྱོགས་མི་འཛོལ་བ་དང་། འགྱུར་བ་མི་གཏོང་བ། བཟོ་ལྟ་མི་ཤོར་བ་བཅས་ཀྱི་འགན་ལེན་བྱེད་དགོས།

        གཉིས་པ། ཏང་གི་རང་ངོས་གསར་བརྗེའི་ལམ་ལུགས་ཚད་ལྡན་གྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་གཏོང་དགོས། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བ་དང་། ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་ལ་ཞིབ་འཇུག་དང་བཟོ་བཅོས་རྒྱག་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྒྲིག་བཤེར་ལྟ་ཞིབ་ཀྱི་ཁྲིམས་སྲོལ་དང་ལམ་ལུགས་ཀྱི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་དགོས། ཏང་གིས་གཅིག་གྱུར་འགོ་ཁྲིད་དང་། ཁྱོན་ཡོངས་ལ་ཁྱབ་པ། དབང་གྲགས་ལྡན་ཞིང་ལས་ཕྱོད་ཆེ་བ་བཅས་ཀྱི་བླང་བྱ་ལྟར། སྒྲིག་བཤེར་ལྟ་ཞིབ་ཀྱི་ཆེད་འགན་འཁུར་བའི་ལྟ་སྐུལ་མ་ལག་དང་། ཏང་ནང་ཁུལ་གྱི་ལྟ་སྐུལ་མ་ལག ལྟ་སྐུལ་སྣ་ཚོགས་འབྲེལ་མཐུད་ཀྱི་མཐུན་སྦྱོར་ལམ་སྲོལ་དང་གཞི་རིམ་གྱི་ལྟ་སྐུལ་མ་ལག་བཅས་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་བཏང་སྟེ་ལྟ་སྐུལ་གྱི་མཉམ་ཤུགས་ཆགས་པར་བྱེད་དགོས། རྒྱུན་གཏན་གྱི་ལྟ་སྐུལ་ཞིབ་ཚགས་དང་ཏན་ཏིག་བྱས་ནས་ལྟ་སྐུལ་རྟག་ཏུ་བྱེད་པ་དང་རྒྱུན་རྣམ་ཅན་དུ་འགྱུར་བར་བྱེད་དགོས། “འགོ་གཙོ་དང་པོ”དང་འགོ་ཁྲིད་ཚན་ཁག་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་རང་གཅུན་ནན་པོ་དང་། རང་འགན་ནན་འཁུར། རང་ཁོངས་ནན་འདོམས་བཅས་བྱེད་པར་སྐུལ་འདེད་གཏོང་དགོས། རྩིས་བཤེར་ལས་ཁུངས་དང་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་ནས་རྩིས་བཤེར་ལྟ་སྐུལ་གྱི་གྲུབ་འབྲས་བེད་སྤྱོད་ཡག་པོ་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ནན་དུ་གཏོང་བ་དང་འགན་འཁྲི་བདའ་འདེད་གཏོང་བའི་མཚོན་ཆ་རྣོན་པོ་གང་ལེགས་སྤྱད་དེ་འགན་འཁྲི་བདའ་འདེད་གཏོང་ཤུགས་མི་ཆག་པ་བྱེད་དགོས་ལ་འགན་འཁྲི་བདའ་འདེད་གཏོང་ཚད་ཐལ་མི་དྲགས་པའང་བྱེད་དགོས།

        གསུམ་པ། ཆབ་སྲིད་སྐོར་གཟིགས་ཀྱི་རལ་གྲི་རྣོན་པོའི་ནུས་པ་ནུས་ལྡན་ངང་འདོན་དགོས། ཆབ་སྲིད་ཀྱི་སྐོར་གཟིགས་ངེས་གནས་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ཀྲུང་དབྱང་གི་སྐོར་གཟིགས་ལས་དོན་གྱི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་དང“སྲུང་སྐྱོང་གཉིས”རྩ་བའི་ལས་འགན་དུ་བཟུང་ནས་སྐོར་གཟིགས་ཀྱི་བརྒྱུད་རིམ་ཡོངས་དང་ལྷུ་ཚིགས་སོ་སོར་བླང་བྱ་ནན་པོ་ལག་ལེན་བསྟར་དགོས། སྐོར་གཟིགས་ལས་དོན་སྐོར་གྱི་སྲོལ་ཡིག་ལ་བཟོ་བཅོས་རྒྱག་པ་དང་ཀྲུང་དབྱང་གི་སྐོར་གཟིགས་ལས་དོན་གྱི་ལོ་ལྔའི་འཆར་འགོད་བཟོ་དགོས། རྒྱུན་གཏན་གྱི་སྐོར་གཟིགས་དང་། ཆེད་དོན་སྐོར་གཟིགས། སྐབས་བསྟུན་སྐོར་གཟིགས། སྐོར་གཟིགས་ཀྱི“ཕྱིར་མིག་ལྟ་བ”བཅས་ལ་སྤྱི་འདོམས་བཀོད་སྒྲིག་བྱེད་པ་དང་ཀྲུང་དབྱང་གི་སྐོར་གཟིགས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ་སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་སྐོར་གཟིགས་རེས་སྐོར་དང་པོ་དང་གཉིས་པ་ཏན་ཏིག་དང་ཡག་པོ་སྒྲུབ་དགོས། སྐོར་གཟིགས་ཀྱི་དག་ཐེར་དང་གྲུབ་འབྲས་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས་སྐོར་གཟིགས་དང་སྐོར་བཤེར་གོང་འོག་མཉམ་འགུལ་གྱི་ལས་དོན་གྱི་རྣམ་པ་འཐུས་སྒོ་ཚང་དུ་གཏོང་དགོས།

        བཞི་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རྒྱུན་མཐུད་དོན་འཁྱོལ་གཏིང་ཟབ་དང“སྤྱོད་ཚུལ་བཞི”ཡོ་བསྲང་དང་བཅོས་སྒྲིག་བྱེད་དགོས། ཏང་གི་གཟུགས་བརྙན་ལ་གནོད་པ་དང་མང་ཚོགས་ཀྱིས་བསམ་འཆར་མང་བའི་སྐྱིད་འདོད་རིང་ལུགས་དང་བག་མེད་ལོངས་སྤྱོད་ཀྱི་སྤྱོད་ཚུལ་ལ་བཅོས་སྒྲིག་ནན་པོ་བྱས་ཏེ་ཡ་མེད་སྒྲིག་འགལ་གྱི་བྱེད་སྤྱོད་ཐོན་མ་ཐག་རྡུང་རྡེག་གཏོང་བ་དང་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ་བསྐྱར་ལོག་ཐེབས་པ་དང་། མངོན་མེད་ཐབས་སྒྱུར། ངལ་དུབ་འཐབ་སུན་བཅས་མཐའ་གཅིག་ཏུ་འགོག་དགོས། བསྐྱར་ཟློས་རང་བཞིན་དང་ངན་རེངས་རང་བཞིན་དང་། ཕྱི་ཚུལ་སྒྱུར་བ། མངོན་མེད་ལྐོག་འགྱུར་གྱི་གནད་དོན་བཅས་ལ་དམ་པོར་དམིགས་ནས་འགན་འཁྲི་བདའ་འདེད་གཏོང་ཤུགས་ཆེ་རུ་བཏང་སྟེ་ཁྱད་དབང་གི་བསམ་བློ་དང་ཁྱད་དབང་གི་བྱེད་སྤྱོད་མཐའ་གཅིག་ཏུ་སེལ་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཙོ་གནད་ཐོག་ཡོ་བསྲང་དང་བཅོས་སྒྲིག་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་བྱེད་པའི་ཐད་འགན་མི་འཁུར་བ་དང་ཤུགས་མི་རྒྱག་པ་དང་། སྲིད་ཇུས་ཀྱི་བྱེད་ཐབས་དང་ལས་དོན་བཀོད་སྒྲིག་ཕྱོགས་རེ་ཙམ་ཤེས་པ་དང་། རེངས་འགྱུར་ལག་བསྟར། སྤྱོད་པ་རྩིང་པོས་བཀོལ་སྤྱོད་བཅས་བྱེད་པ་དང་། རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་པ། རང་འདོད་ལྟར་དབང་ཆ་གང་བྱུང་སྤྱོད་པ། དབང་ཆའི་ལྟ་བ་འགྱུར་བ་དང་། སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཁྲུལ་བ། བྱ་གཞག་གི་ལྟ་བ་འཛོལ་བ་སོགས་ཀྱི་གནད་དོན་ལ་དམ་པོར་དམིགས་ཏེ་འབྱུང་རྩ་གཏིང་སྔོག་དང་གནད་འགག་ཞིབ་པར་བཙལ་ཏེ་དག་ཐེར་བཅོས་སྒྲིག་གནད་ལ་སྨིན་པ་དང་ཕན་འབྲས་དངོས་ཆེ་རུ་གཏོང་དགོས། “སྤྱོད་ཚུལ་བཞི”ཡོ་བསྲང་དང་སྲོལ་གསར་འཛུགས་རྒྱུ་མཉམ་འཛིན་མཐའ་འཁྱོངས་ཀྱིས་ཏང་ཡོན་ལས་བྱེད་པར“ངེས་པར་དུ་གསུམ”བློ་ལ་བརྟན་པོར་འཆང་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་དགོས།

        ལྔ་པ། ཏང་གི་སྒྲིག་ཁྲིམས་ལེགས་སྐྱོང་བྱེད་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས་ཤིང་། རྒྱུན་གཏན་རང་བཞིན་གྱི་སྒྲིག་ཁྲིམས་སློབ་གསོ་རྒྱག་ཤུགས་ཆེ་རུ་གཏོང་བ་དང་། རྒྱུན་གཏན་གྱི་དོ་དམ་དང་ལྟ་སྐུལ་མཉམ་འདྲེས་ཐུབ་པར་བྱེད་པ། ཏང་ཡོན་ལས་བྱེད་པའི་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཟབ་གཏོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཏང་གི་སྒྲིག་ཁྲིམས་དང་སྒྲིག་ལམ་ཡིད་ལ་བརྟན་པོར་ངེས་དགོས། ན་གཞོན་འགོ་ཁྲིད་ལས་བྱེད་པའི་སྒྲིག་ཁྲིམས་སློབ་གསོར་ཚད་མཐོའི་མཐོང་ཆེན་བྱེད་དགོས། སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞི་ཚབས་ཆེན་ཐོན་པའི་འབྲེལ་ཡོད་ཚན་པའི་ཏང་ཨུད(ཏང་ཙུའུ)ཀྱིས་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོག་པར་སྐུལ་འདེད་དང་མཛུབ་ཁྲིད་བྱས་ཏེ་ཟུར་བསྟན་ལེབ་མཐོང་དང་གྱོད་དོན་ལ་བརྟེན་ནས་སྒྲིག་ཁྲིམས་གསལ་རྟོགས་བྱེད་དགོས། ཏང་གི་སྒྲིག་ཁྲིམས་གཏན་འབེབས་དང་སྒྲིག་སྲོལ་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་ཏང་གི་སྒྲིག་ཁྲིམས་ལས་འགལ་བའི་གནད་དོན་ཤེས་རྟོགས་ཐུབ་རིམ་བཞིན་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས། “ཐབས་རྣམ་བཞི”གནད་སྨིན་བེད་སྤྱོད་དང“དབྱེ་འབྱེད་གསུམ”དོན་འཁྱོལ་བྱས་ནས་ལས་བྱེད་པར་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་ཧུར་ཐག་འཇོག་པའི་ལྕག་སྐུལ་བྱས་ཏེ། ཆབ་སྲིད་ཀྱི་ཕན་འབྲས་དང་། སྒྲིག་ཁྲིམས་ཀྱི་ཕན་འབྲས་སྤྱི་ཚོགས་ཀྱི་ཕན་འབྲས། བཅས་གཅིག་གྱུར་དམ་ཟབ་ཡོང་བར་བྱེད་དགོས།

        དྲུག་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་རྒྱུན་སྲིང་དམག་འཐབ་མཐའ་གཅིག་ཏུ་རྒྱག་དགོས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཅིག་གྱུར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས། འཕར་ཚད་གཏན་འགོག་སྔར་བས་ནུས་ལྡན་བྱེད་པ་དང་། གསོག་འབོར་གཙང་སེལ་སྔར་བས་ནུས་ལྡན་བྱེད་དགོས། གཙོ་གནད་གནད་དོན་ལ་ཞིབ་བཤེར་ནན་པོ་བྱས་ནས། ཆབ་སྲིད་ཀྱི་གནད་དོན་དང་དཔལ་འབྱོར་གྱི་གནད་དོན་མཉམ་འདྲེས་ཀྱི་རུལ་སུངས་ལ་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་པ་དང་། འགོ་ཁྲིད་ལས་བྱེད་པ་ཁེ་ཕན་ཚོགས་པ་དང་དབང་ཤུགས་ཚོགས་པའི་མགྲིན་ཚབ་པ་དང་ལས་ཚབ་པར་མ་འགྱུར་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། སྲིད་གཞུང་དང་ཚོང་པའི་དབར་གྱི་ངན་འབྲེལ་དང་མ་རྩ་ཆབ་སྲིད་ཀྱི་ཁྱབ་ཁོངས་སུ་ཐིམ་པ་སོགས་ཆབ་སྲིད་ཀྱི་ཁོར་ཡུག་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལ་གཏོར་བཤིག་གཏོང་རྒྱུ་མཐའ་གཅིག་ཏུ་འགོག་དགོས། གཙོ་གནད་ཁྱབ་ཁོངས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། དངུལ་རྩ་དང་། གཞུང་ཁོངས་ཁེ་ལས། སྲིད་ཁྲིམས། འབྲུ་རིགས་ཉོ་ཚོང་སོགས་དབང་ཆ་གཅིག་སྡུད་ཆེ་བ་དང་མ་དངུལ་མང་བ། ཐོན་ཁུངས་ཕུན་སུམ་ཚོགས་པ་བཅས་ཀྱི་ཁྱབ་ཁོངས་ཀྱི་རུལ་སུངས་ལ་བཅོས་སྒྲིག་གཏིང་ཟབ་བྱེད་པ་དང་། གཙོ་གནད་དམིགས་ཡུལ་ལ་དམ་པོར་དམིགས་ཏེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་མཚམས་དང་ཚོད་མེད་པ་དང་ཧམ་ཤེད་ཅན་གྱི་རིགས་གཙོ་གནད་དུ་བཟུང་བ་དང་། འགོ་ཁྲིད་ལས་བྱེད་པའི་བཟའ་ཟླ་དང་། བུ་ཕྲུག་དང་བུ་ཕྲུག་གི་བཟའ་ཟླ་སོགས་གཉེན་ཉེ་དང་ཉེ་འཁོར་གྱི་ལས་དོན་མི་སྣས་ཤུགས་རྐྱེན་ལ་བརྟེན་ནས་སྒེར་ཕན་སྒྲུབ་པ་དང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཐོན་པར་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་རུལ་སུངས་ཀྱི་གནད་དོན་སྣ་ཚོགས་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་དགོས། རྣམ་པ་གསར་པའི་རུལ་སུངས་དང་མངོན་མེད་རུལ་སུངས་ལ་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས། ལྐོག་རྔན་ལེན་མཁན་དང་ལྐོག་རྔན་སྤྲོད་མཁན་ལ་མཉམ་དུ་ཞིབ་བཤེར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ལྐོག་རྔན་སྤྲོད་པའི་བྱ་སྤྱོད་ལ་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་བ་དང་། སྤྱོད་གཙང་དར་སྤེལ་དང་རུལ་སུངས་བཀག་འགོག་བྱེད་པའི་དར་སྲོལ་བཟང་པོ་གཏོད་པ་དང་དར་སྤེལ་གཏོང་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ“གནམ་རྒྱའི་བྱ་སྤྱོད”རྒྱུན་མཐུད་ངང་སྤེལ་ནས། བྲོས་བྱོལ་རྗེས་འདེད་དང་། བྲོས་བྱོལ་སྔོན་འགོག བརྐུས་ནོར་ཚུར་ལེན་བཅས་ཀྱི་ལམ་སྲོལ་གཅིག་གྱུར་ཐོག་འཛུགས་དགོས།

        བདུན་པ། སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་ཤིང་། སྒྱུར་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ་ཏང་གི་སྒྲིག་བཤེར་གྱི་སྒྲིག་སྲོལ་སྒྱུར་བཅོས་དང་། རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་སྒྱུར་བཅོས་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏིང་ཟབ་གཏོང་བའི“སྒྱུར་བཅོས་གསུམ”གྱི་འགོ་ཁྲིད་སྒྲིག་སྲོལ་དང་ལས་དོན་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། མངགས་སྡོད་ལྟ་སྐུལ་མ་ལག་གི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། མངགས་སྡོད་སྒྲིག་གཞི་དང་མངགས་གཏོང་སྒྲིག་གཞིས་ལྟ་ཞིབ་དབང་ཆ་ཁྱོན་ཡོངས་ནས་སྤྱོད་རྒྱུར་སྐུལ་འདེད་གཏོང་དགོས། སྒྱུར་བཅོས་ལ་བརྟེན་ནས་སྟོབས་ཤུགས་དང་ཐོན་ཁུངས་བསྡུ་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་། ཆ་འཕྲིན་འབྲེལ་མཐུད་དང་། ཁུངས་སྣེ་བརྒྱུད་སྤྲོད། བྱ་ཐབས་གཞོགས་འདེགས། གྲུབ་འབྲས་མཉམ་སྤྱོད་བཅས་ཀྱི་ལས་དོན་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏོང་དགོས། ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཕན་ཚུན་འབྲེལ་མཐུད་དང་དབང་གྲགས་ལྡན་ཞིང་ལས་ཕྱོད་ཆེ་བའི་ལག་བསྟར་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།

        བརྒྱད་པ། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ལས་འགན་ལྕི་པོ་འཁུར་བའི་བྱང་ཚད་མཐོ་བའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་གཅིག་གཏོད་དགོས། ཆབ་སྲིད་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཀྲུང་དབྱང་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་མིག་དཔེའི་ནུས་པ་འདོན་སྤེལ་བྱེད་པ། ཁོངས་གཏོགས་ཡོངས་སུ་སྒྲིག་བཀུར་ཁྲིམས་སྲུང་གི་དཔེ་བཟང་བྱེད་པར་སྐུལ་ཁྲིད་བྱེད་པ། ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པའི་སྒྲིག་བཤེར་ལྟ་ཞིབ་ཀྱི་དམག་ཧྲག་འཛུགས་སྐྱོང་བྱེད་དགོས། ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། འཐབ་རྩོད་ཀྱི་བློ་སྟོབས་བརྟན་དུ་གཏོང་བ། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ནས། སློབ་སྦྱོང་གང་ལེགས་དང་། བརྟག་དཔྱད་ཞིབ་འཇུག དོན་འཁྱོལ་དམ་འཛིན་བཅས་བྱས་ཏེ་འཐབ་རྩོད་བྱེད་ཕོད་པའི་སྒྲིག་བཤེར་ལྟ་ཞིབ་ཀྱི་དམག་ཧྲག་འཛུགས་སྐྱོང་བྱེད་དགོས། སྤྱོད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས“རུལ་སུངས་མི་བྱེད་པ་གསུམ”གྱི་འདུ་ཤེས་རང་ངོས་འཛུགས་སྐྱོང་ཁྲོད་དུ་ཁྱབ་པར་གཅིག་གྱུར་ཐོག་སྐུལ་འདེད་གཏོང་བ་དང་། སྒྲིག་འགལ་ཁྲིམས་འགལ་གྱི་སྣང་ཚུལ་ལ་བཟོད་སྒོམ་གཏན་ནས་མི་བྱེད་པ། ཕུང་འདྲེ་མཐའ་གཅིག་ཏུ་མེད་པར་བཟོ་བ། “སྒྲོན་འོག་མུན་ནག”མཐའ་གཅིག་ཏུ་སེལ་བ་བཅས་བྱས་ཏེ། རང་ངོས་གཞུང་དྲང་སྤྱོད་གཙང་གི་སྒྲིག་བཤེར་ལྟ་ཞིབ་ཀྱི་དམག་ཧྲག་འཛུགས་དགོས་ཞེས་ནན་བཤད་གནང་བ་རེད།

        ཚང་འཛོམས་གྲོས་ཚོགས་ཐོག བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་ཁྲིད་སྟོན་བྱས་པའི་ཁ་ཕྱོགས་ལྟར་ཏང་འཛུགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ་དང་། རང་སྟོབས་རང་སྤེལ་དང་། དྲང་སྲུང་གསར་གཏོད། སྙིང་སྟོབས་ཆེར་སྐྱེད། དཔའ་མཛངས་རྟུལ་ཕོད་བཅས་བྱས་ཏེ་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་རྣམ་འགྱུར་དང་ནམ་ཡང་ལྷོད་གཡེང་སྤུ་ཙམ་ཡང་མི་བྱེད་པའི་བསམ་བློའི་འཁྱེར་སོར་བརྟེན་ནས་རང་འགན་གཙང་སྒྲུབ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་བླངས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་10ཉིན་འབྱོར་བའི་གློག་འཕྲིན)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1