༄༅། །འཇག་མ་གླེང་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 01-16



        འཇག་མ་ནི་ས་ཐོག་གི་རྩྭ་སྔོན་ཡོངས་དང་འདྲ་བར། མིའི་མིག་ལ་ལྗང་ཞིང་འཇམ་པ་ཞིག་ཏུ་ཤར་ན་ཡང་།རྩུབ་རེག་ཆེ་ཞིང་།ལག་པས་ལོ་མ་རིང་པོ་ལ་བྱིལ་བྱིལ་བྱས་ཚེ། དེ་མ་ཉིད་དུ་སྤུ་གྲི་ཞིག་གི་སོ་ཁར་རེག་པ་ལྟར།ཟུག་རྔུ་མི་བཟོད་པ་ཞིག་དང་མཉམ་དུ་ཁྲག་ནི་དམར་ཆིལ་ལེ་བརྡོལ་འོང་། ཡིན་ན་ཡང་འདི་ནི་འཇག་མའི་ཕྱི་ཚུལ་ཙམ་ངོས་ཟིན་པ་ཉིད་དེ། ད་ལྟའི་བར་དུ་ངའི་བློ་ངོར་འཇག་མའི་སྐོར་གྱི་ཤེས་བྱ་ཡང་དེ་ཙམ་ལས་མི་འགོངས་ལ།ཕལ་ཆེར་མང་ཤོས་ཤིག་ལ་ཡང་འཇག་མའི་སྐོར་ནི་གོང་གི་དེ་ཙམ་ལས་ཤོད་རྒྱུ་ཨེ་ཡོད་སྙམ་མོ།།(སོ་ནམ་དང་ས་རྐོ་རྡོ་སློག་ལ་མཁས་པའི་ཞིང་པ་ཕུད) དེ་བས་ཁོ་བོའི་བསམ་པར་རྩྭ་གང་གི་རྩ་ནས་བསློགས་ཏེ་རྩད་པ་ག་འདྲ་ཞིག་ཡིན་པ་མ་མཐོང་ཚེ།དེའི་ངོས་ཡོངས་སུ་ཟིན་པར་བརྩི་མི་རུང་འདོད།

        ཉིན་དེར་ཆུང་མས་གཡུལ་ཁའི་སྔོ་ཞིང་གི་མཐའ་ནས་རུབ་པའི་འཇག་རྩྭ་བསལ་ཏེ།སོ་ནམ་གྱི་ལས་བྱེད་པར་ལག་རོགས་སུ་སོང་དུས། ངས་སྔོན་ཆད་མཐོང་མ་མྱོང་བ་ཞིག་གསར་དུ་མཐོང་བས་ཅུང་ཟད་ཧ་ལས་ཧང་སངས་སུ་གྱུར་ལ། དེ་སྔོན་བློ་ན་མེད་པའི་ཤེས་བྱ་ཞིག་ཀྱང་ཁ་སྐོང་ཐུབ་པ་བྱུང་བས།བློ་ལ་བོགས་ཀྱང་ཅུང་ཟད་ཐོབ།

        “འདི་ལ་ལྟོས་དང་།སྨྱུག་མ་ཞིག་དང་མི་འདྲའམ།”ཆུང་མས་ལྕགས་ཁེམ་ས་ལ་རྒྱག་གིན། དཀར་སོབ་སོབ་ས་ནག་ནས་མངོན་འོང་བའི་རྩེ་མོ་རྣོ་ལ་ཚིགས་མང་བ་སྨྱུག་མ་དང་མཚུངས་པའི་རྩད་པ་དེ་ང་ལ་བསྟན།དངོས་གནས་རྩད་པ་དེ་ལ་ཚིགས་མང་ཞིང་། ཚིགས་རེ་རེ་ནས་འབུག་ལྟ་བུའི་རྩེ་མོ་རྣོ་བའི་ཡན་ལག་རེ་གྱེས་ཏེ། སུམ་ཚེབ་སུམ་ཚེབ་ཀྱིས་གང་སར་དྲ་འཐེན་པ་སུག་པ་མང་བའི་འབུ་ནར་རིང་རྐང་བརྒྱ་ལག་བརྒྱ་ཟེར་བ་དེ་དང་ཧ་ཅང་མཚུངས། མོས་ཁེར་ཚུགས་སུ་སྐྱེས་པའི་རྩྭ་དེ་དག་གི་རྩ་རུ་ལྕགས་ཁེམ་གྱིས་གཅིག་འཕྲོར་གཅིག་བརྒྱབ་སྟེ་བསློགས་པ་དང་། ས་ནག་ཏུ་ལག་པ་བཏང་ཞིང་སྤྲུགས་ཏེ་བསལ། རྩད་པ་འབལ་ཡག་མ་བྱས་ཚེ་སང་ལོར་སླར་ཡང་སྐྱེ་འོང་ངེས་ཞེས་གཞོགས་ཤིག་ཏུ་སྤུངས། ངས་ཀྱང་མོ་བཞིན་དུ་བསློགས། ང་ཚོས་ཤེས་གསལ་ལྟར་རྩྭ་གཞན་དག་ནི་ཁྱེམ་བུའམ་འཇོར་བུས་བརྐོས་ན་རྩད་པ་ནས་སློག་ཐུབ་ཅིང་། འགའ་རེ་རྐོ་བྱེད་ལ་ཡང་བརྟེན་མི་དགོས་པར་ཐད་ཀར་རྩ་ནས་ཤུགས་ཀྱིས་འཐེན་ན་ཕྱུངས་ཤིང་། འགའ་རེ་ད་དུང་ལོ་མ་སྤར་སྙོབ་ཀྱིས་འཐེན་ན་ས་ནག་དང་བཅས་ཏེ་ལྷོག་གེར་དྲུངས་ནས་འབྱིན་ཐུབ་མོད། འདི་ནི་དེ་ལྟར་ལས་སླ་མོས་འབྱིན་ཐུབ་པ་ཞིག་ག་ལ་ཡིན། ལྕགས་ཁེམ་གྱིས་རྩ་རུ་བསྟུད་མར་ཤུགས་ཀྱིས་ཐེངས་གཉིས་བརྒྱབ་ན། ད་གཟོད་དེའི་རྩད་པར་ཐུག་ཐུབ། ད་དུང་ག་ལ་ཆོག རྩྭ་འདིའི་རྩད་པ་ཡན་གར་བ་ཞིག་སྟེ། རྩད་པ་གཙོ་བོ་རུ་འདྲེན་དམག་དཔོན་ཞིག་གི་ཚུལ་དུ་རྣོ་དབལ་ཆེ་བའི་མདུང་རྩེ་སྔོན་དུ་གཏད་ཏེ་ས་བརྟོལ་ནས་འགྲོ། རྗེས་ན་རྩད་པ་གཞན་དག་སའི་གཏིང་རིམ་ན་རྒྱབ་དཔུང་གི་ཚུལ་དུ་མདུང་རྩེ་ནི་གཡས་གཡོན་དང་ལོགས་གང་རུང་ལ་གཏོད་ཀྱིན་ས་བཟུང་སྟེ་རྗེས་འདེད་བྱེད། དེར་བརྟེན་མིག་གིས་ཞིབ་ཏུ་བལྟས་ཏེ། རེ་རེ་བཞིན་བསལ་ཞིང་ཕྱུངས་ན་གཞི་ནས་དྲུངས་ནས་ཕྱུངས་ཞེས་བརྗོད་ཆོག དེ་ལྟར་མིན་པར་འཐུས་ཤོར་བྱུང་ནས་རྩད་པ་གཅིག་ཤུལ་དུ་ལུས་ཚེ། དཀའ་སྤྱད་ལས་རོར་སོང་སྟེ།སང་ལོར་སླར་ཡང་སྐྱེ་བར་ཐེ་མི་ཚོམ།

        འཇག་མའི་ཁེབས་རྒྱ་ཆེ་བའི་ཁར། ངེད་གཉིས་ཀྱིས་ཆེད་དུ་བསིལ་འཇམ་གྱི་ནངས་མོར་བསློགས་ན་ཡང་། ཡུད་ཙམ་ཕྱིན་པ་ན་ངེད་གཉིས་ཀྱི་ལུས་ནས་རྔུལ་ཆུ་བརྡོལ་བྱུང་། ཆུང་མས་ངལ་དུབ་མ་བཟོད་པར་ཁ་ནས་དབང་མེད་དུ་ཐན་རྩྭ། ཐན་རྩྭ་ཞེས་དམོད་བོར། མོས་ལག་པས་དཔྲལ་ངོས་ཀྱི་རྔུལ་ཆུ་འབྱིད་ཀྱིན་སྔོ་ཞིང་ཡོངས་སུ་བསྐོར་བའི་འཇག་མར་ལྟ་བཞིན་ད་སྨན་མ་བརྒྱབ་ན་ཐབས་མི་འདུག་ཅེས་ངར་སྐད་ཅིག་ཀྱང་འབྱིན། མཚུངས་སུ་རྨོ་འདེབས་བྱེད་པའི་ཚུགས་ཀར(བཟའ་ཟླ་ངེད་གཉིས་དུས་སྐབས་མང་ཤོས་སུ་ཕྱི་ཐོག་ཏུ་ཡོད་ལ། ཐེམ་ཐོག་གི་གཡུལ་ཁ་ལོག་མར་བསྐྱུར་ན་ཕངས་པས། ཁྱིམ་ཚང་གཞན་ལ་གཡོར་འདེབས་བྱེད་དུ་བཅུག་ཡོད)ལྟོས་དང་། འདེབས་ཐབས་བྱས་འདུག གཞན་གྱིས་འཕྱ་མི་འོང་ངམ་ཞེས་དཀྱིལ་ཁོ་ན་མ་གཏོགས་ལྗང་བུ་མེད་པའི་སྔོ་ཞིང་ལ་མིག་གིས་བལྟར་མི་བཟོད་པའི་ཚུལ་དུ་དེ་སྐད་སྨྲས། ངས་ཀྱང་ལྕགས་ཁེམ་ས་ལ་བཙུགས་ཏེ་ཨོམ་ཚུགས་ཀྱིས་ངལ་གསོ་བཞིན་གང་སར་བལྟས་པ་ན། སེམས་ལ་མོ་རང་གིས་བྱས་ཉེས་བྱས་པ་ལྟ་བུའི་ངོ་གནོང་གིས་ཚིག་པ་ཟ་བར་ཁག་མི་འདུག་སྙམ། གྱང་རས་བསྐོར་བས་གཞན་གྱིས་སྐེ་བསྲིངས་ན་མ་གཏོགས་མི་མཐོང་སྙམ་པ་ལོས་ཡིན། གཡུལ་ཁ་གཡོར་མཁན་གྱིས་དང་ཐོག་རྨོ་འདེབས་བྱེད་སྐབས། ནེམ་ནེམ་སོབ་སོབ་ཀྱི་ཞིང་དཀྱིལ་ཙམ་ལས་སྲ་མཁྲེགས་ཡིན་པའི་ཞིང་མཐའ་མ་བསློགས་པར་བསྐྱུར་བས། རྨོ་ཐབས་འདེབས་ཐབས་བྱས་པའི་མཐའ་མར། ཞིང་མཐའི་འཇག་མ་རྣམས་རྒྱ་ཡན་དུ་ཤོར་ཏེ། ད་ལྟ་ནི་དཀྱིལ་གྱི་ལྗང་བུའི་ཚོགས་ནི་བྱིའུ་ཚང་ཞིག་དང་འདྲ་ལ། མཐའ་ཡི་འཇག་རྩྭ་དག་གིས་སྦྲུལ་བཞིན་དུ་དེ་ལ་དམ་པོར་འཁྱུད་འདུག་པས། མིག་ལ་ཡེ་ནས་མི་མཛེས། གལ་ཏེ་ལག་ལས་ཀར་འཇོན་པའི་མ་སྲུ་ཞིག་གིས་གྱང་ཁ་ནས་མཐོང་ཚེ། མིག་ཟུམ་མེར་ཁ་ལག་པས་འགེབས་ཀྱིན་སྙིང་འཕྱས་གཏོང་བར་གདོན་མི་ཟ། མཐའ་ཁའི་འཇག་མ་འགའ་རེ་ད་དུང་ཞིང་ནང་དུའང་ཟུག་སྟེ། ཡུན་གྱིས་སིམ་འཛུལ་གྱིས་སྔོ་ཞིང་ཧྲིལ་གྱིས་གཡོགས་ཏེ་ཁྱུར་མིད་བྱ་འདོད་ཀྱི་རྔམ་སྟབས་ཆེ། ངའི་བསམ་པར་དུས་ཐོག་ཏུ་རྩྭ་འདི་དྲུངས་ནས་མ་ཕྱུངས་ཚེ། ལྗང་བུ་ནི་གང་གིས་ཁྱུར་མིད་དུ་བཏང་སྟེ། སྔོ་ཞིང་ནི་རྩྭ་གདན་དུ་འགྱུར་མི་འགྲོའམ་སྙམ།

        རྩད་པ་ས་ཡི་གཏིང་དུ་ཟུག་ཅིང་། ལོ་མ་ས་ངོས་གང་སར་ཁྱབ་པའི་འཇག་རྒོད་འདིའི་སྐྱེ་སྟོབས་ནི་དངོས་གནས་ཧང་སངས་དགོས་པ་ཞིག་རེད། ལྷག་ཏུ་དེའི་མི་མངོན་སའི་གཏིང་ན་གང་སར་འཐེན་པའི་རྩད་པས་ནི། ང་ལ་རྩ་ལག་སྦོམ་པའི་དཔུང་ཧྲག་ཅིག་གི་འཇིགས་འཇིགས་རྔམ་རྔམ་གྱི་ཟིལ་ཤུགས་དེ་སྟོན་གྱིན་པ་འདྲ། གཙོ་བོ་དང་ཡན་ལག་ཚོས་གཅིག་རྒྱབ་གཅིག་སྣོན་དང་། གཅིག་དཔུང་གཅིག་སྡེབ་ཀྱིས་ས་ཞིང་འདི་བདག་ཅག་གིས་སོ།། ས་ཞིང་འདི་བདག་ཅག་ལ་འོས་སོ་ཞེས་རང་གི་སྡེར་གཏོགས་པ་དག་ནི་མཆོག་དང་ཕུལ་དུ་བྱུང་བའི་ཁེངས་རློམ་གྱི་ངར་ཤུགས་ཤིག་གིས་དྲངས་པས། བདག་གིར་འཛིན་འདོད་ཀྱི་བརྣབ་སེམས་སའི་གཏིང་དུ་ཟུག་ཅིང་གང་སར་བརྐྱངས། དེའི་ལོ་མ་ས་ལ་ཅི་དགར་ཁེབས་པར་བྱས་ཚེ། གཞུང་དྲང་གི་སོ་ནམ་པ་ཚོར་རྨོ་འདེབས་ཀྱི་གོ་སྐབས་རིང་དུ་གྱུར་པ་མིན་ནམ།

        ཁྱོད་ཀྱིས་སོམས་དང་། འཇག་མ་རུ་འཛིང་བྱེད་ས་ན་ལོ་ཡག་སྙེ་མའི་མགོ་ལྕོག་ལྡེམ་པ་མཐོང་དུ་ཡོད་དམ། འཇག་མས་བཟུང་ཚེ། གྲོ་ནས་ཀྱི་སྐྱེ་ཚད་ཅི་ལ་བཟང་ཨང་། བྲེ་གཅིག་གི་ས་བོན་མི་ཤོང་བའི་ཆེ་ཆུང་ལྕེ་དང་འདྲ་བའི་སྔོ་ཞིང་འདི་ལ་འཇག་མས་ཧ་ཅང་རྔམ་པའི་ཚུལ་གྱིས་རུབ་པར་ལྟ་གིན་ལྟ་གིན་ངའི་ཡིད་ལ་དོན་དག་མང་པོ་ཞིག་དྲན་ཞིང་། དེ་མུར་གར་འོང་མི་ཤེས་པའི་སྙིང་སྟོབས་ཤིག་གིས་ང་ལ་ལྕགས་ཁེམ་མུ་མཐུད་དེ་ས་ལ་རྒྱག་པར་བསྐུལ་མོད། འཇག་རྒོད་ནི་འཇག་རྒོད་རང་སྟེ། རྩ་ལག་ཤིན་ཏུ་སྦོམ་པའི་དཔུང་ཚོགས་འདི་དྲུངས་ནས་འབྱིན་པར་སྙིང་སྟོབས་ཁོ་ནས་ཅང་མི་ནུས་ཏེ། ཡུན་རིང་པོ་ཞིག་གི་སྡུག་རུས་ལ་བརྟེན་དགོས་པའི་ངེས་ཤེས་ཤིག་ཀྱང་སྐྱེས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1