རྔ་བ་ཁུལ་ཁྲོ་ཆུ་རྫོང་དུ་དངོས་རིགས་གསར་པ་ཞིག་ཤེས་རྟོགས་བྱུང་འདུག

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 01-17


        ཉེ་ཆར། མན་དབྱང་དགེ་འོས་སློབ་གླིང་ནགས་ཚལ་དང་རྩྭ་ཐང་གི་གནོད་འགོག་གནོད་སེལ་བཟོ་སྐྲུན་ཞིབ་འཇུག་ལྟེ་གནས་ཀྱི་འབུམ་རམས་པ་ཆིའུ་ལུའུ་ཡིས་རྒྱལ་སྤྱིའི་ཐོག་སྐད་གྲགས་ཆེ་བའི་དུས་དེབ《Zootaxa》ཡི་ཐོག་དངོས་རིགས་གསར་པ་ཞིག་གི་སྐོར་སྤེལ་ཡོད་པ་སྟེ། རྡོ་ཁ་གསེར་ཤུན་སྦུར་པ་ཡིན་པ་རེད། ཆིའུ་ལུའུ་ཡིས། འདི་ནི་གློ་བུར་དུ་ཤེས་རྟོགས་བྱུང་བ་ཞིག་ཡིན། ང་ཚོ་མན་དབྱང་དགེ་འོས་སློབ་གླིང་གི་ཚོགས་པས་རྩྭ་ཐང་གི་གནོད་ཡོད་སྐྱེ་དངོས་ལ་ཡོངས་ཁྱབ་ཞིབ་བཤེར་བྱེད་པའི་བརྒྱུད་རིམ་ནང་སྟེས་དབང་དུ་ཤེས་རྟོགས་བྱུང་བ་ཞིག་ཡིན་ལ། གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་ཤེས་རྟོགས་བྱུང་བའི་དངོས་རིགས་གསར་པ་ཞིག་ཀྱང་རེད་ཅེས་བཤད།

        2022ལོའི་ཟླ་6པའི་ཚེས་17ཉིན། མན་དབྱང་དགེ་འོས་སློབ་གླིང་གི་ཚོགས་པ་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཁྲོ་ཆུ་རྫོང་དུ་ཡོང་ནས་རྩྭ་ཐང་གི་གནོད་ཡོད་སྐྱེ་དངོས་ལ་ཡོངས་ཁྱབ་ཞིབ་བཤེར་ལས་དོན་སྤེལ་བ་རེད། ཉིན་དེའི་ཕྱི་དྲོའི་ཆུ་ཚོད་6པ་ཡོལ་ཙམ་ལ་ཁོང་ཚོ་ཁྲོ་ཆུ་རྫོང་དུ་འབྱོར་ཞིང་། དུས་ཚོད་ཕྱི་པོ་ཆགས་མེད་པས། ཆིའུ་ལུའུ་ཡིས་ཚོགས་པའི་ཁོངས་མི་འབུམ་རམས་པ་ཝང་ཁྲེང་པིན་དང་འབུམ་རམས་པ་ཞུས་ཧའོ་དང་གྲོས་མོལ་བྱས་རྗེས། ཉིན་དེའི་དགོང་མོར་ཉེ་འཁོར་གྱི་རི་ཁུལ་དུ་བསྐོར་བ་ཞིག་རྒྱག་པར་འགྲོ་རྒྱུའི་ཐག་བཅད་པ་རེད། ཆིའུ་ལུའུ་ཡིས། ང་ཚོ་གསུམ་ཀ་ཕྱི་རོལ་དུ་བརྟག་དཔྱད་བྱེད་པར་འགྲོ་རྒྱུར་ཧ་ཅང་དགའ་པོ་ཡོད། ལས་ཀ་ལ་དགའ་ཞེན་ཡང་ཆེན་པོ་ཡོད། ངལ་གསོ་ཅུང་ཙམ་བརྒྱབ་རྗེས། གློག་སྤར་ནས་རྡོ་ཁ་གྲོང་རྡལ་ཉེ་འཁོར་གྱི་རི་ཁུལ་དུ་འཛུལ་པ་ཡིན་ཅེས་བཤད། ཞུས་ཧའོ་ཡིས་རྡོ་ཁ་གྲོང་རྡལ་གསི་མེ་གྲོང་ཚོའི་ལམ་འགྲམ་དུ་བཟོ་ལྟ་ཁྱད་མཚར་བའི་སྦུར་པ་ཞིག་ལ་དོ་སྣང་བྱུང་། ཆིའུ་ལུའུ་ཡིས། ཁོང་གིས་སྦུར་པ་དེ་མཐོང་མ་ཐག་ཏུ་ང་བོས་བྱུང་། སྦུར་པ་དེའི་ཤུན་སྐོགས་ལས་ལྕགས་རིགས་ཀྱི་འོད་སྔོན་པོ་ཞིག་མངོན་པ་དང་། དེའི་བྲང་ཁ་དང་རྒྱབ་ངོས་གཉིས་སུ་དམར་ཐིག་ཡོད་པས་སྙིང་རྗེ་པོ་ཞིག་འདུག སྐབས་དེ་དུས་འབུ་སྦུར་པའི་རིགས་ཤིག་ཡིན་པ་བརྡར་ཤ་རགས་ཙམ་བཅད་མོད། དེ་སྔོན་མཐོང་མྱོང་མི་འདུག་ཅེས་བཤད་པ་རེད།

        ཉིན་གཉིས་པར། ཁོང་ཚོ་ཡང་བསྐྱར་ལམ་ལ་ཆས་ཏེ་སྦུར་པ་འདི་རིགས་མུ་མཐུད་དུ་རྙེད་པའི་རེ་བ་བྱས་ཡོད། ཁོང་ཚོ་རྡོ་ཁ་གྲོང་བརྡལ་རྡོ་ཁ་གྲོས་ཚོགས་ཀྱི་ཚོགས་གནས་སུ་སླེབས་སྐབས། རླུང་གིས་གཡོ་བཞིན་པའི་སྡོམ་གྱི་དྲ་བ་ཞིག་གིས་ཝང་ཁྲིན་པིན་གྱི་ཡིད་དབང་བཀུག་ཅིང་། སྡོམ་དྲའི་སྟེང་དུ་སྦུར་པ་ཞིག་ཡོད་པ་དང་། ཕྱིའི་བཟོ་ལྟ་ནི་མཚན་མོ་དེར་རྙེད་པའི་སྦུར་པ་དེ་དང་ཧ་ཅང་འདྲ་པོ་ཡོད། དེ་ནས་ཁོང་ཚོས་མུ་མཐུད་དུ་བཙལ་བ་དང་། ཡང་སྡོམ་དྲ་གཞན་ཞིག་གི་སྟེང་ནས་གཉིས་རྙེད་ཡོད།

        ཆིའུ་ལུའུ་ཡིས། ང་ཚོས་འཕྲལ་མར་འཚོལ་བསྡུ་ཐུབ་པའི་སྦུར་པ་ཚོད་ལྟ་ཁང་དུ་འཁྱེར་ནས། གསེར་ཤུན་སྦུར་པའི་སྐོར་གྱི་ཚད་ལྡན་ཡིག་ཆ་འབོར་ཆེན་ལྟ་ཀློག་བྱས་པ་བརྒྱུད། དེ་ནི་དངོས་རིགས་གསར་པ་ཞིག་ཡིན་པ་གཏན་འཁེལ་བྱས་ཡོད་ཅེས་བཤད། དངོས་རིགས་དེ་རྡོ་ཁ་གྲོང་རྡལ་དུ་རྙེད་པ་དང་། དེའི་ནང་ནས་གསུམ་ནི་དམར་དམག་རྒྱང་སྐྱོད་ཀྱི་ལམ་བར་དུ་འཚོགས་པའི་རྡོ་ཁ་ཚོགས་འདུའི་ཚོགས་གནས་ཀྱི་ཕྱི་རོལ་ནས་རྙེད་པ་ཡིན་པས། དྲན་གསོ་བྱ་ཆེད། ཆིའུ་ལུའུ་ཡིས་གསར་དུ་རྙེད་པའི་དངོས་རིགས་དེར་རྡོ་ཁ་གསེར་ཤུན་སྦུར་པ་ཞེས་མིང་བཏགས་པ་རེད།

        གོ་ལ་ཧྲིལ་པོར་ཐོག་དང་པོར་ཤེས་རྟོགས་བྱུང་བ་དེའི་ཐོག་ནས་ཁྲོ་ཆུ་རྫོང་གི་ཁྱད་དུ་འཕགས་པའི་རང་བྱུང་ཁོར་ཡུག་མཚོན་ཡོད།

        ཤེས་རྟོགས་བྱས་པར་གཞིགས་ན། གསེར་ཤུན་སྦུར་པ་ནི་Selatosomusཡི་ཁོངས་སུ་གཏོགས་ཤིང་། གཙོ་བོ་མཐོ་གྲང་ངམ་ས་བབ་མཐོ་བའི་ས་ཁུལ་དུ་གནས་པ་དང་། ཚོན་མདངས་རྣམ་པར་བཀྲ་ཞིང་ནམ་རྒྱུན་ལྕགས་རིགས་ཀྱི་འོད་མདངས་ལྡན་ཡོད། མིག་སྔར་འཛམ་གླིང་ཡོངས་སུ་སྣ་ཁ་བརྒྱ་ལྷག་ཙམ་ཤེས་རྟོགས་བྱུང་བ་ཡོད་པ་དང་། རང་རྒྱལ་དུ་འབུ་དེའི་རིགས་ཀྱི་སྣ་ཁ་མང་པོ་ཡོད་དེ། དེའི་གོང་སྣ་ཁ་47ཤེས་རྟོགས་བྱུང་ཡོད་པ་རེད། སི་ཁྲོན་མངའ་ཁོངས་སུ་རིགས་13(ཐེངས་འདིར་རྙེད་པའི་རྡོ་ཁ་གསེར་ཤུན་སྦུར་པ་ཚུད)ཡོད་མོད། འོན་ཀྱང་མང་ཆེ་བ་སི་ཁྲོན་བྱང་རྒྱུད་ཀྱི་གཟི་ཚྭ་སྡེ་དགུའི་ཁོངས་སུ་ཐོ་འགོད་བྱས་ཡོད། ཆིའུ་ལུའུ་ཡིས། ད་ཐེངས་ཤེས་རྟོགས་བྱུང་བའི་རྡོ་ཁ་གསེར་ཤུན་སྦུར་པ་ནི་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་ཤེས་རྟོགས་བྱུང་ཐེངས་དང་པོ་ཡིན་པས། ང་ཚོས་སྐྱེ་དངོས་སྣ་མང་རང་བཞིན་ལ་ཞིབ་འཇུག་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད་པ་རེད།

        དངོས་རིགས་དེ་ནི་རྩྭ་ཐང་གི་གནོད་ཡོད་སྐྱེ་དངོས་ལ་ཡོངས་ཁྱབ་ཞིབ་བཤེར་བྱེད་པའི་བརྒྱུད་རིམ་ནང་ཤེས་རྟོགས་བྱུང་བ་ཞིག་ཡིན་པས། བྱས་ན་རྡོ་ཁ་གསེར་ཤུན་སྦུར་པ་ཡིས་སྐྱེ་དངོས་ལ་གནོད་འཚེ་གཏོང་སྲིད་དམ་ཞེ་ན། ཆིའུ་ལུའུ་ཡིས་གསར་འགོད་པར། ཁོང་ཚོས་འཚོལ་བསྡུ་བྱས་པ་བརྒྱུད། དངོས་རིགས་གསར་པ་དེའི་སྤྱིའི་གྲངས་འབོར་མང་པོ་དེ་ཙམ་མེད་པ་མ་ཟད་ཁོར་ཡུག་ཅུང་ལེགས་པའི་ས་ཆར་འཚོ་གནས་བྱེད་ཀྱི་ཡོད་པས། གནོད་འཚེ་ཆེན་པོ་གཏོང་མི་སྲིད་ཅེས་བཤད། ཁོང་གིས། ད་ཐེངས་ཤེས་རྟོགས་བྱུང་བའི་དངོས་རིགས་གསར་པའི་ཐོག་ནས་ཁྲོ་ཆུ་རྫོང་གི་ཁྱད་དུ་འཕགས་པའི་རང་བྱུང་ཁོར་ཡུག་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་མཚོན་གྱི་ཡོད་ལ། ཁྲོ་ཆུ་རྫོང་གི་སྐྱེ་དངོས་སྣ་མང་རང་བཞིན་གྱི་མི་མངོན་པའི་སྟོབས་ཤུགས་སྔར་བས་སྔོག་འདོན་བྱེད་དགོས་པའང་མཚོན་གྱི་ཡོད་ཅེས་བཤད་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1