༄༅། །ཚེ་དབང་རྣམ་རྒྱལ།

དབང་ཆེན། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-17


སི་བོད་སློབ་གྲྭའི་དགེ་རྒན་ཚེ་དབང་རྣམ་རྒྱལ་གྱི་གནས་ཚུལ་རགས་བཀོད།

གནའ་བོའི་བོད་ཀྱི་ལོ་རྒྱུས་དཔྱད་མཁས་པ་རིག་པའི་དཔའ་བོ།

སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་ཆེན་མོ་ཚེ་དབང་རྣམ་རྒྱལ་གྱི་གནས་ཚུལ་རགས་བཀོད།

དབང་ཆེན་གྱིས་བྲིས་ཤིང་ཚེ་དབང་རྣམ་རྒྱལ་གྱིས་པར་མཁོ་འདོན་བྱས།

སྐུ་གཞོན་སྐབས་སྐྱོན་པའི་འདྲ་པར།

        ཉེ་ཆར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་བོད་རིག་པའི་ལོ་རྒྱུས་ལ་ཞིབ་འཇུག་གི་ལམ་ནས་སློབ་ཁྲིད་ཀྱི་མཛུབ་སྟོན་གནང་བའི་དགེ་རྒན་ཆེན་མོ་ཚེ་དབང་རྣམ་རྒྱལ་ལགས་ལ་བཅར་འདྲི་ཇི་ལྟར་ཞུས་པའི་ཚུལ།  འདྲི་བ་པོ་དབང་ཆེན།  དྲིས་ལན་འདེབས་པ་པོ་དགེ་རྒན་ཆེན་མོ་ཚེ་དབང་རྣམ་རྒྱལ།  དེ་ཡང་ལས་ཁུངས་ནས་ལས་ཀ་གྲོལ་བ་དང་ནམ་ཟླ་དུས་ཀྱི་ཡོ་ལང་ལས་འབྲས་ལྡན་སྟོན་གྱི་བསིལ་རླུང་དང་མཉམ་དུ་འགྲོགས་ཏེ། རྒྱབ་སྟོད་མཆན་འོག་བཅུག་ནས་ཁ་པར་ལག་ཏུ་བཟུང་སྟེ་ཕྱི་རོལ་དུ་སོང་བའི་ལམ་བར་ནས་འདང་ཞིག་རྒྱག་པས།  སྔོན་བོད་ཡིག་སློབ་གྲྭ་རུ་ལོ་གསུམ་སློབ་ཁྲིད་བྱས་པའི་སྐབས་དེར།

        དགེ་རྒན་ཆེན་མོ་ཚེ་དབང་རྣམ་རྒྱལ་དང་ཕན་ཚུན་གནའ་བོའི་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་རྟགས་གསལ་འགའ་རེ་བཏང་སྐབས། དེ་མ་ཐག་ཁོས་མིག་ཕྱེད་འཛུམ་གྱི་རྣམ་པས་འགལ་དང་མ་ངེས་མ་གྲུབ་སོགས་རྟགས་གསུམ་གྱིས་བཟློགས་ཏུ་མེད་པའི་ལན་རེ་སྙད་པས་དལ་ཅིག་མི་སྨྲ་བའི་བརྟུལ་ཞུགས་འཛིན་དགོས་བྱུང་བ་དེ་སེམས་ལ་གསལ་ལེ་འཆར་བྱུང་། དེ་ནས་འཕྲལ་དུ་ཁ་པར་བརྒྱུད་དེ་ཁོང་ལ་མཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཆབས་ཅིག་ཏུ་རྒན་ཁོང་གི་མི་ཚེའི་རྒྱུད་རིམ་དང་། ད་ལྟའི་གནས་བབ། མ་འོངས་པའི་བྱ་བཞག་སོགས་བཅར་འདྲི་ཞུ་བའི་གོ་སྐབས་བཟང་པོ་ཞིག་རྙེད་བྱུང་།

བོད་ཡིག་སློབ་གྲྭ་དབུ་བརྙེས་ནས་ལོ་བཞི་བཅུའི་དགའ་སྟོན་ཐོག་ཏུ་ལྷོ་ནུབ་མི་རིགས་སློབ་ཆེན་དང་བོད་ཡིག་སློབ་གྲྭའི་དགེ་རྒན་འགའ་དང་ལྷན་སྒྲོན།

སློབ་སྦྱངས་ཀྱི་མི་ཚེའི་རྒྱུད་རིམ་ཁྲོད་དཀའ་སྡུག་ལ་གདོང་ལེན་ཇི་ལྟར་བྱས་པའི་སྐོར།

        བཅར་འདྲི་བ།  རྒན་ལགས།  དེ་རིང་གི་གོ་སྐབས་བཟང་པོ་འདི་དང་བསྟུན་ནས་ཁྱེད་ཀྱི་མི་ཚེའི་རྒྱུད་རིམ་ཁྲོད་སློབ་སྦྱོང་གི་དཀའ་སྡུག་ལ་གདོང་ལེན་ཇི་ལྟར་བྱས་པའི་སྐོར་གྱི་བཀའ་མོལ་གནང་བར་ཞུ་ཞུས།

        རྒན་ལགས། འོ་ལགས་སོ། །སྤྱིར་མི་སུ་ཞིག་ཡིན་རུང་སོ་སོའི་མི་ཚེའི་རྒྱུད་རིམ་ཁྲོད་དཀའ་སྡུག་དང་གཏན་ནས་འཕྲད་མ་མྱོང་བའི་གང་ཟག་ཞིག་མེད་ལ།  དཀའ་སྡུག་དེའང་ཡུལ་གང་ནས་དུས་ནམ་ཞིག་རང་བཞིན་ཅི་འདྲ་བ་འཕྲད་པའི་ངེས་པར་ཤེས་ཀྱི་མི་འདུག །ང་རང་ཉིད་ལ་དཔེར་མཚོན་ན་མི་ཚེའི་སློབ་སྦྱོང་གི་རྒྱུད་རིམ་ཁྲོད་སློབ་ཆུང་གི་དུས་སུ་ཚད་མཐོན་པོའི་དཀའ་སྡུག་གི་ཚོར་བ་དེ་ཙམ་བཟོད་དཀའ་བ་ཞིག་འཕྲད་མ་མྱངས།  སྐབས་དེར་སློབ་གྲྭའི་སྒྲིག་ལམ་ཅུང་ལྷོད་དྲགས་པས་སློབ་སྦྱོང་ལ་ཤུགས་རྐྱེན་ཐེབས་པའི་བརྩོན་འགྲུས་ཡང་དམན་པ་མ་ཟད། ལོ་ན་ཆུང་བའི་སྐྱོན་ནམ་བྱིས་པ་བསམ་མེད་རྣམ་གཡེང་ལ་དགའ་བའི་རྐྱེན་གྱིས་ལན་པ་ཡིན་ས་རེད།   སློབ་འབྲིང་ལོ་རིམ་དང་པོའི་སྐབས་སུ་སློབ་སྦྱངས་ལ་བསམ་བློ་ཅུང་འཁོར་བའི་བརྩོན་སེམས་ཀྱིས་རྒྱུན་འཁྱོངས་བྱས་ཀྱང་།  སྐབས་དེར་སློབ་ཆུང་གི་རྨང་གཞིའི་ཤེས་བྱ་ཞན་པའི་སྟོབས་ཀྱིས་སློབ་སྦྱོང་ལ་སེམས་ཁུར་ཡོད་ནའང་དངོས་གཞིའི་སྦྱངས་ཚན་ལ་ངེས་ཤེས་དེ་ཙམ་གྱིས་ས་ཟིན་མེད་པར་རང་ཐོག་ཏུ་ཉམས་མྱོང་ཐེབས་མྱངས།  དེ་ནས་བཟུང་སྟེ་དགེ་རྒན་དྲིན་ཅན་ལན་ཁྲང་མིན་དང་རྒྱལ་མཚན་སོགས་ཀྱི་མདུན་ནས་ནངས་སྔ་ལངས་དང་ནུབ་ཉལ་ཕྱི་བྱས་ནས་བརྩོན་འགྲུས་ཀྱི་ལྕག་གིས་བསྐུལ་ཏེ་རྒྱ་བོད་གཉིས་ཀྱི་དངོས་གཞིའི་སློབ་ཁྲིད་ཀྱི་སྦྱངས་ཚན་རྣམས་ལྷོད་གཡེང་མེད་པར་རྨི་ལམ་དུ་བསླབ་སྐྱེད་ཀྱི་ནུས་པ་མ་ཐོན་བར་དུ་བརྩོན་འགྲུས་བརྩམས་མྱངས།

        བཅར་འདྲི་བ།  འོ་ལགས་སོ། །དེ་ནས་རྒན་ལགས་ཀྱི་སློབ་འབྲིང་ལོ་གསུམ་དེ་མཇུག་སྒྲིལ་རྗེས་འབྲིང་རིམ་སློབ་གྲྭ་གང་ལ་རྒྱུགས་སྤྲོད་པ་ཡིན།

        རྒན་ལགས།   ཞིང་ཆེན་བོད་ཡིག་སློབ་གྲྭ་རུ་རྒྱུགས་སྤྲོད་པ་ཡིན་ལ།  སྐབས་དེར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་བསྡུའི་བརྡ་ཐོ་བྱུང་ཡོད་པར་ཐོས་པས། ང་རང་ལ་རྒྱུགས་འཕྲོད་ཡོད་དམ་མེད་སྙམ་པའི་ཐེ་ཚོམ་གྱི་གཞི་ལས་ངེས་པར་འཕྲོད་ཡོད་སྙམ་པའི་རྟོག་པའི་གདེང་གང་ཡང་མེད། སློབ་གྲོགས་ཚང་མར་བརྡ་ཐོ་འབྱོར་ནས་འུར་ཟིང་ཟིང་གིས་རང་ཉིད་ཀྱང་སེམས་པ་འཚབ་འཚུབ་དང་བཅས་དལ་ཅིག་མགོ་བོ་རྨོངས་པར་བྱས་སོང་། དེ་ནས་ང་རང་གིས་རྒྱུགས་འཕྲོད་ཡོད་པའི་བརྡ་ཐོ་ལག་ཏུ་འབྱོར་བྱུང་བས།  ལི་ཐང་རྫོང་ནས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་རྒྱུགས་འཕྲོད་པའི་ཐོག་མའི་སློབ་མ་ང་རེད་འདུག་པས་འདི་རྨི་ལམ་ཡིན་ན་གཉིད་མ་སད་པར་ཤོག་ཅིག་ཅེས་པའི་སེམས་སུ་ཤོང་དཀའ་བའི་དགའ་བ་ཞིག་འཕེལ་མྱངས།

གཞུང་ལས་ཁང་དུ་ཕྱག་ལས་གནང་བཞིན་པའི་དགེ་རྒན་ཚེ་དབང་རྣམ་རྒྱལ།

        བཅར་འདྲི་བ།  རྒན་ལགས་བོད་ཡིག་སློབ་གྲྭར་ཐོག་མར་དུས་ནམ་ཞིག་ཞུགས་པ་རེད།

        རྒན་ལགས། སྤྱི་ལོ་1987ལོའི་སྤྱི་ཟླ་9པ་ནས་འགོ་བཙུགས་ཏེ་བོད་ཡིག་སློབ་གྲྭར་རྒྱུགས་འཕྲོད་སོང་བ་རེད།

        བཅར་འདྲི་བ།  རྒན་ལགས་བོད་ཡིག་སློབ་གྲྭའི་ཆེད་སྦྱོང་གང་ལ་ཞུགས་པ་ཡིན།

        རྒན་ལགས། སྐབས་དེར་སྤྱིར་བོད་ཡིག་སློབ་གྲྭའི་འཛིན་གྲྭ་རེ་རེའི་ནང་ཁོངས་སུ་བཟོ་དང་གསོ་བ། སྒྲ་རིག་པ་ཞེས་ཆེད་སྦྱོང་གསུམ་རེ་ཡོད་ཅིང་།  ང་རང་སྒྲ་རིག་པའི་ཆེད་སྦྱོང་ལ་ཞུགས་པ་དང་།  སྦྱངས་བྱ་ལ་བཟོ་དང་གསོ་བ་ཕུད་པའི་སུམ་རྟགས་དང་ལོ་རྒྱུས། གྲུབ་མཐའ། སྙན་ངག  སྐར་རྩིས། སྒྲ་རིག་པའི་སྐོར། ཚད་མ་རིག་པའི་སྐོར། ནང་དོན་རིག་པའི་སྐོར། རྒྱ་ཡིག  ཆབ་སྲིད་སོགས་ཡོད་པ་རེད།

        བཅར་འདྲི་བ།  སློབ་སྦྱོང་གི་དུས་ཚོད་ཐུང་ངུ་ཞིག་གི་ནང་རིག་གནས་སྦྱངས་ཚན་ཁག་དེ་ཙམ་མང་པོ་ཞིག་ལ་དུས་ཚོད་གྲོན་ནས་ངལ་གསོའི་གོ་སྐབས་འདུག་གམ།

        རྒན་ལགས། ངས་སློབ་གླིང་གི་ར་བ་ནས་ངལ་གསོའི་དུས་ཚོད་གྲོན་པ་དེར་ཧ་ཅང་ཕངས་སེམས་སྐྱེས་མྱངས་ལ།  གཟའ་འཁོར་རེ་རེས་གཟའ་མཇུག་གི་ཉིན་གཉིས་དེ་རང་སྦྱངས་ཁོ་ནས་དུས་འདའ་བར་བྱས་པ་ཡིན།  འབྲིང་རིམ་ལོ་བཞི་ཡི་དུས་ཚོད་དེ་ཞག་གཅིག་རྨི་ལམ་གྱི་སྣང་བ་བཞིན་ཡུད་ཙམ་གྱིས་འདས་ཤོར་སོང་།

        བཅར་འདྲི་བ།  རྒན་ལགས་བོད་ཡིག་སློབ་གྲྭ་ནས་སློབ་མཐར་ཕྱིན་འཕྲལ་རྒྱལ་ཁབ་ཀྱི་ལས་གནས་གང་ལ་ལས་བགོས་བྱས་པ་རེད།

        རྒན་ལགས།  སྤྱི་ལོ་1991ལོའི་ཟླ་7པའི་ནང་སློབ་མཐར་ཕྱིན་རྗེས། ཕ་ཡུལ་དུ་ལོག་ནས་ལི་ཐང་རྗོང་མི་དོན་ཅུས་ཀྱི་བཀོད་སྒྲིག་ལྟར། ཐད་ཀར་ལི་ཐང་རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དུ་དྲུང་ཡིག་དང་རྒྱ་བོད་ལོ་ཙཱའི་ལས་ཀ་བསྒྲུབ་པ་ཡིན།       སྐབས་དེར་ལས་གནས་ལ་དགའ་ཞེན་དེ་ཙམ་མེད་པས།  ད་དུང་སློབ་སྦྱོང་ལ་ཞེན་བློ་མ་ལྡོག་པར་སྐོམ་པས་ཆུ་འདོད་པ་ལྟར་སློབ་གླིང་གི་ར་བ་ཞིག་ཏུ་འགྲོ་འདོད་པའི་སྣང་བ་འགོག་ཐབས་མེད་པར་ཞིག་སྐྱེ་མྱངས།

        བཅར་འདྲི་བ།  རྒན་ལགས་སློབ་ཆེན་སློབ་གྲྭ་གང་དུ་སོང་བ་ཡིན།

        རྒན་ལགས།  1995ལོར་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་རུ་སློབ་སྦྱོང་བྱེད་པའི་གོ་སྐབས་བཟང་པོ་ཐོབ་པ་ལ་བརྟེན་ནས་ལྷོ་ནུབ་མི་རིགས་སློབ་ཆེན་ནས་བོད་ཡིག་ཚན་ཁག་ཏུ་བོད་སྐད་ཡིག་དང་རྩོམ་རིག་སྐོར་ལ་སློབ་གཉེར་བྱས་པ་ཡིན།

        བཅར་འདྲི་བ།  རྒན་ལགས་སློབ་ཆེན་འགྲིམས་སྐབས་རིག་ཚན་ཞིབ་འཇུག་ཆེད་སྦྱངས་གང་བྱས་པ་ཡིན།

        རྒན་ལགས།  སྐབས་དེར་སློབ་གྲྭ་ཆེན་མོའི་རྒྱ་བོད་རིག་གཞུང་སྦྱངས་ཚན་ཁག་མང་ཙམ་མཛུབ་སྟོན་དང་སློབ་ཁྲིད་བཀོད་སྒྲིག་བྱས་ཡོད་ཀྱང་ང་རང་དངོས་གཞིའི་ཆེད་སྦྱངས་གཙོ་བོ་བོད་རིག་པའི་ལོ་རྒྱུས་ཞིབ་འཇུག་གི་ཐབས་ལམ་དང་ཡིག་སྒྱུར་ལག་ལེན་སྐོར་ལ་ཆེད་སྦྱངས་བྱས་པ་དང་།  དེའི་ཞོར་དུ་ཆེད་ཚན་ཁག་གཞན་གྱི་སློབ་ཁྲིད་མཛུབ་སྟོན་ཡོངས་ལ་ཆེད་ཞུགས་ཀྱི་སློབ་གཉེར་བྱས་པ་ཡིན་ལ།  སྐབས་དེར་སློབ་སྦྱོང་ལ་ཚེགས་ཆེན་པོའི་སྡུག་རུས་བྱེད་མི་དགོས་པར་ཕལ་ཆེར་དཔེ་ཐོག་བྲོ་རྡུང་དང་ཚིག་གི་འབྲུ་ནོན་ཙམ་མ་ཡིན་པར་དོན་ཀྱི་འབྲེལ་ཆགས་པའི་གོ་བ་ཞིག་སྐྱེས་བྱུང་གསུངས།  དེ་ནས་ཞོར་དུ་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དཔེ་མཛོད་ཁང་དུ་སོང་ནས་དཔེ་ཀློག་དང་འབྲེལ་བའི་ཞིབ་འཇུག་གི་ཐབས་ལམ་བཀོལ་ནས་ལོ་གཉིས་ཀྱི་རིང་ལ་སློབ་སྦྱོང་གི་ནུས་པར་འདོན་སྤེལ་བྱས་ཏེ་སྤྱི་ལོ་1997ལོར་དངོས་ཚན་མཐར་ཕྱིན་སློབ་མའི་སྦྱངས་འབྲས་གཡུར་དུ་ཟ་བའི་སྐལ་བ་དང་ལྡན་སོང་།

ལྷོ་ནུབ་མི་རིགས་སློབ་ཆེན་དང་ཟུང་འབྲེལ་རང་སྦྱོང་སློབ་གྲྭ་ཆེན་མོའི་ཉིས་སྟོང་བཅུ་ལོའི་ཆེད་ཚན་འཛིན་གྲྭ་ལྔ་པའི་སློབ་མ་དང་ལྷན་སྒྲོན།

        བཅར་འདྲི་བ།  རྒན་ལགས་སློབ་ཆེན་སློབ་མཐར་ཕྱིན་འཕྲལ་ལས་གནས་ལ་འཕོ་འགྱུར་བྱུང་ངམ།

        རྒན་ལགས།  སློབ་ཆེན་སློབ་མཐར་ཕྱིན་ནས་སྔོན་གྱི་ལས་གནས་རང་འཇགས་སུ་འགྱུར་ལྡོག་མེད་པར་རྒྱུན་འཁྱོངས་བྱས་ཏེ་ལས་ཀ་བསྒྲུབས་པ་ཡིན།  སྤྱི་ལོ་1998ལོར་ལི་ཐང་རྫོང་གེ་མང་སྨད་པ་ཤང་གི་ཤང་ཀྲང་ལ་ལས་བགོས་ཀྱི་ལས་གནས་འཕོ་འགྱུར་བྱུང་།

        བཅར་འདྲི་བ།  རྒན་ལགས་སློབ་སྦྱོང་གི་གྲུབ་འབྲས་སྲིད་དོན་ལ་དབང་བསྒྱུར་ཐེབས་པའི་ནུས་པ་དང་ལྡན་པ་དེ་མི་ཕལ་པ་ཞིག་གི་བསམ་བློ་དང་མ་འདྲ་བའི་ཐབས་ཤེས་ཁྱད་པར་ཅན་ཞིག་ཡོད་པའི་དན་རྟགས་ཤིག་མ་རེད་དམ།

        རྒན་ལགས།  ཧེ་ཧེ།  མི་སོ་སོ་ལ་རང་རང་གི་བསམ་པའི་ལྟ་ཚུལ་དང་དགའ་ཕྱོགས་རེ་ཡོད་པ་རེད།  ཡིན་ནའང་སྐབས་དེར་ཕ་ཡུལ་གྱི་ས་གནས་ཐོག་དམངས་འཚོའི་བདེ་སྡུག་མི་འདྲ་བ་མང་པོ་མཐོང་ནས་དཀའ་ངལ་མང་པོ་ཞིག་དང་འཕྲད་ཀྱང་།  ངས་སྔར་སློབ་སྦྱངས་བྱས་པའི་སྐབས་འདྲ་མཉམ་དང་། དྲང་བདེན།  བྱམས་སེམས། ལས་འབྲས།  ཁོག་རྒྱ། འཇོན་ཐང་། བརྩི་འཇོག །སྤོབས་པ་སོགས་ཐ་སྙད་མང་པོ་ཞིག་སྦྱངས་པ་དེ་དག་དང་ད་རེས་གདོང་འཕྲད་དེ་ལག་ལེན་དངོས་དང་འབྲེལ་བའི་དུས་ལ་བབ་འདུག་སྙམ་ནས་མང་ཚོགས་ཀྱི་ཁེ་ཕན་དོན་དུ་ནུས་པ་གང་ཡོད་རྩལ་སྤྲུག་ནས་ས་གནས་དེ་གའི་ལམ་མེད་ས་ལ་ལམ་ལས་པ། ཟམ་པ་མེད་ས་ལ་ཟམ་པ་བཙུགས་པ།   སློབ་གྲྭ་མེད་ས་ལ་སློབ་གྲྭ་བཙུགས་པ་དང་། ཟ་གྱོན་གྱི་འཚོ་བའི་ཁ་གསབ། ཐ་ན་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་སོགས་གོ་ཐོབ་ཀྱི་དབང་ཆ་བེད་སྤྱད་ནས།  ཁ་ཡོད་ལག་ཡོད་ཀྱིས་མི་ལོ་གཉིས་ཙམ་གྱི་རིང་ལ་གང་ནུས་ཅི་ལྕོགས་སུ་མང་ཚོགས་ལ་ཞབས་ཞུའི་ལས་ཀ་བསྒྲུབས་པ་ཡིན།

ཉིས་སྟོང་ཉེར་གཉིས་ལོའི་བཟོ་རིག་འཛིན་གྲྭའི་སློབ་མ་དང་ལྷན་སྒྲོན།

མ་ཡུམ་སློབ་གྲྭ་ལ་བཅངས་པའི་དུང་སེམས་ཀྱིས་ལས་གནས་སྤོས་ཏེ་ད་ལྟའི་གནས་བབ་དང་བསྟུན་པའི་གཏམ།

        བཅར་འདྲི་བ།  བོད་ཡིག་སློབ་གྲྭའི་དགེ་རྒན་གྱི་ལས་གནས་ནམ་ཞིག་ལ་བཞེས་པ་ཡིན།

        རྒན་ལགས།  སྤྱི་ལོ་2001ལོའི་ཟླ་3པ་ནས་གཞུང་ཞབས་པའི་ལས་གནས་སྤོས་ཏེ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་གསོའི་ལས་ཀའི་འགན་བཞེས་ནས་ད་བར་མི་ལོ་ཤུ་ལྷག་དགེ་རྒན་བྱས་པ་ཡིན།

        བཅར་འདྲི་བས།  རྒན་ལགས་ཀྱིས་དགེ་རྒན་དཀྱུས་མ་ཞིག་ལ་ཡིད་སྨོན་བྱེད་པའི་ཕུགས་འདུན་གང་ཡིན།

        རྒན་ལགས།  སྤྱིར་རིག་གནས་ནི་མིའི་རིགས་ཀྱི་བསམ་བློའི་ཁ་ཕྱོགས་བསྒྱུར་བྱེད་དགོས་འདོད་ཀྱི་ནོར་བུ་ལས་ཀྱང་རིན་ཐང་ཆེ་ཤོས་ཤིག་ཡིན་ལ་རིག་གནས་ལ་དོ་སྣང་དང་གཅེས་སྤྲས་བྱེད་པ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་བྱི་དོར་བྱེད་པ་དང་ཁྱད་མེད་པར་སྔར་ནས་ཤེས་ཀྱི་ཡོད།  དེ་བས་དགེ་རྒན་གྱི་ལས་ཀ་ནི་སློབ་མའི་རྒྱུད་རིག་གནས་ཀྱི་ཁ་ལོ་བསྒྱུར་ཏེ་ལེགས་ལམ་དུ་ཁྲིད་ནས་དགོས་འདོད་ལག་ཏུ་བསྩོལ་བའི་དཔག་བསམ་གྱི་ལྗོན་ཤིང་ལྟ་བུ་རེད་འདུག  མ་ཡུམ་སློབ་གླིང་ནི་རང་ཉིད་རིག་གནས་ཀྱི་བསྐྱེད་བསྲིངས་དང་འཚར་ལོངས་བྱུང་སའི་ཞིང་ཁམས་ཀྱི་གནས་ཁྱད་པར་ཅན་ཞིག་ཡིན་པར་ཤེས་པའི་དབང་གིས་ལམ་ཁ་འདིར་གདམ་ཀ་བྱས་ཏེ་ལས་གནས་སྤོས་པ་ཡིན།  དུས་རབས་འདིའི་ནང་ལས་གནས་ཆེ་ཕྲ་གང་དུ་ཞུགས་ཀྱང་རང་གི་མདུན་ལམ་སྟོན་བྱེད་དང་ལས་དོན་སྒྲུབ་བྱེད་ཀྱི་ལག་ཆ་ཨང་དང་པོ་དེ་སློབ་སྦྱོང་དང་ཤེས་ཡོན་གྱི་འབྱོར་ཚད་ནུས་པ་འདོན་སྤེལ་བྱས་པ་ལ་རག་ལས་པས།  དེ་བས་བདག་དོན་དང་གཞན་དོན་ཞེས་པའི་མིང་ཆེན་པོ་དེ་སློབ་གསོའི་ལམ་ནས་སློབ་མ་གསོ་སྐྱོང་བྱེད་པ་དེ་དོན་གཉིས་ཕུན་སུམ་ཚོགས་པ་བསྒྲུབ་པའི་རྒྱུ་མ་ནོར་བ་རེད།

ལྷོ་ནུབ་མི་རིགས་སློབ་ཆེན་དང་ཟུང་འབྲེལ་རང་སྦྱོང་སློབ་གྲྭ་ཆེན་མོའི་ཉིས་སྟོང་བཅུ་ལོའི་ཆེད་ཚན་འཛིན་གྲྭ་གཉིས་པའི་སློབ་མ་དང་ལྷན་སྒྲོན།

        བཅར་འདྲི་བ། རྒན་ལགས་ཀྱི་མི་ཚེའི་རྒྱུད་རིམ་ནང་དགེ་བའི་བཤེས་གཉེན་དུ་ཙམ་བསྟེན་མྱངས།

        རྒན་ལགས། ངས་མི་ཚེ་འདིའི་ནང་ནམ་མཁའི་ཉི་མ་ལྟ་བུར་གཅིག་ལས་གཅིག་མཁས་པའི་དགེ་བའི་བཤེས་གཉེན་ཨ་རིག་མཁན་པོ་པདྨ་ཚེ་དབང་། ཉན་ཤུལ་མཁྱེན་རབ་འོད་ཟེར།མཁས་དབང་དམུ་དགེ་བསམ་གཏན། སྐུ་ནུབ་འོད་ཟེར། བླ་མ་རྡོ་རྗེ་དགྲ་འདུལ།མཁན་པོ་དོན་ཚེ། མཁན་པོ་སྨན་ལྷ། མི་ཉག་བུ་ཕྲུགམཆོག་སྤྲུལ་ཡེ་ཤེས་དར་རྒྱས།དགེ་རྒན་འགྱུར་མེད་ཚེ་དབང་། མཆོག་སྤྲུལ་དཔལ་ལྡན་ལེགས་བཤད།དགེ་རྒན་དཔལ་བསྡུས།དགེ་རྒན་སྟོང་ཉིད་སོགས་ཀྱིས་གཙོས་པའི་མཚན་ལྡན་གྱི་དགེ་བའི་བཤེས་གཉེན་བཅུ་ཕྲག་ལྷག་ལ་བསྟེན་མྱངས།

        བཅར་འདྲི་བ།  རྒན་ལགས་ལ་དགེ་རྒན་མང་པོ་དེ་ཙམ་གྱི་ནང་ནས་ཆེས་བཀའ་དྲིན་ཆེ་ཤོས་ཀྱི་དགེ་བའི་བཤེས་གཉེན་དེ་གང་ཡིན།

        རྒན་ལགས།  ངའི་མི་ཚེའི་རྒྱུད་རིམ་ནང་དུ་ཕྱོགས་གང་ཐད་ནས་བཀའ་དྲིན་ཆེས་ཆེ་ཤོས་ཀྱི་དགེ་བའི་བཤེས་གཉེན་ནི་བླ་མ་རྡོ་རྗེ་དགྲ་འདུལ་དང་དགེ་རྒན་འགྱུར་མེད་ཚེ་དབང་གཉིས་ཡིན།    ཁོང་གཉིས་ཀྱིས་རྒྱུན་པར་སློབ་ཁྲིད་བྱེད་སྐབས་བདག་ལ་ཚོར་བ་དངོས་དང་འབྲེལ་བའི་ལམ་ནས་སློབ་གསོའི་ནུས་པ་སེམས་ཀྱི་ཟབ་སར་གནད་ཁེལ་བའི་ཁྲིད་ཐབས་གཞན་དང་མ་འདྲ་བའི་ཕན་ཐོགས་ཡོད་པ་མ་ཟད།  འཚོ་བའི་ཐད་དུའང་བཀའ་དྲིན་ཤིན་ཏུ་ཆེ། ཡོན་ཏན་སངས་རྒྱས་ཀུན་དང་མཉམ་ན་ཡང་། །བཀའ་དྲིན་སངས་རྒྱས་ལས་ཀྱང་ལྷག་པའི་མགོན། །གསུངས་པ་དེ་དངོས་གནས་ཁོང་གཉིས་ཡིན།   འགྲོ་འདུག་སྤྱོད་ལམ་སོགས་ག་དུས་ཡིན་ན་ཁོང་རྣམ་པ་གཉིས་དང་ཕན་ཚུན་ཁ་བརྡ་བྱས་པའི་ཞོར་དུ་སེམས་ལ་ཕན་ཐོགས་པའི་གཏམ་མང་པོ་ཞིག་གསུང་རྒྱུ་ཡོད་པ་ང་ལ་ཉམས་མྱོང་ཡོད།

ཉིས་སྟོང་བཅོ་བརྒྱད་ལོའི་གསོ་རིག་འཛིན་གྲྭའི་སློབ་མ་དང་ལྷན་སྒྲོན།

        བཅར་འདྲི་བ།  ཁྱེད་ཀྱི་ནམ་རྒྱུན་སློབ་མ་རྣམས་ལ་ཁྲིད་བྱའི་གཞི་བཟུང་ས་གཙོ་བོ་གང་ཡིན།

        རྒན་ལགས། སློབ་གྲྭའི་འཆར་འགོད་ལྟར་འབྲིང་རིམ་འཛིན་གྲྭ་ཁག་གི་སློབ་མ་རྣམས་ལ་སུམ་ཅུ་པ་དང་།  རྟགས་ཀྱི་འཇུག་པ།  དག་ཡིག །རྩོམ་རིག་ལ་འཇུག་པའི་སྐོར་གྱི་ཤེས་བྱ། ལེགས་རྩོམ། ཡིག་སྒྱུར། ནང་དོན་མཚན་ཉིད་རིག་པ་སོགས་ཁྲིད་མྱངས་ལ།   ད་དུང་ལོ་རེའི་ནང་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ལོ་ལྟར་སློབ་དུས་གཉིས་ཀྱི་ནང་ནས་རང་སྦྱོང་སློབ་ཆེན་འདོན་པའི་སྐབས་རྒན་སློབ་ཡོངས་རྫོགས་ཀྱི་གཙོ་འགན་པའི་ལས་གནས་བཞེས་ཏེ།        སློབ་མ་བསྡུ་ལེན་དང་འཛིན་གྲྭའི་སྦྱངས་ཚན།  སློབ་ཁྲིད་བཀོད་སྒྲིག་སོགས་ལས་ཀ་ཆེ་ཕྲ་རྣམས་ཀྱི་འགན་ཚང་མ་བསྒྲུབས་པ་ཡིན་གསུངས།

        བཅར་འདྲི་བ།  རྒན་ལགས་ཀྱི་མི་ལོ་ཉི་ཤུ་ལྷག་གི་ནང་གསོ་སྐྱོང་བྱས་པའི་ཁྱོན་བསྡོམས་སློབ་མ་ག་ཚད་ཡོད།

        རྒན་ལགས།  ངས་མི་ལོ་ཉི་ཤུ་ལྷག་གི་རིང་གསོ་སྐྱོང་བྱས་པའི་འོག་སློབ་མཐར་ཕྱིན་ནས་སྤྱི་ཚོགས་ཐོག་ལས་ཀ་སྒྲུབ་ཤ་སྟག་གི་སློབ་མ་གཉིས་སྟོང་ལྷག་ཡོད་པས།  དེ་དག་གིས་རྒྱ་བོད་གཉིས་ཀྱི་ས་གནས་སོ་སོར་དེང་དུས་རིག་གནས་ཀྱི་ལས་ཀ་སྒྲུབ་བཞིན་ཡོད།

ཉིས་སྟོང་བཅུ་ལོའི་འཛིན་གྲྭ་ལྔ་པའི་སློབ་མ་དང་ལྷན་སྒྲོན།

མ་འོངས་པར་བོད་ཀྱི་རིག་གནས་དང་སློབ་གསོའི་ཁ་ཕྱོགས་ཀྱི་བསམ་གཞིག་སྐོར་གླེང་བ།

        མི་ཚེ་གང་པོར་སྟོབས་ཤུགས་ཡོད་ཚད་སློབ་གསོའི་བྱ་བཞག་ཁོ་ན་ལ་ཕུལ་བའི་ཁོང་ལྟ་བུ་ནི་གནའ་ནས་ད་བར་རེ་གཉིས་ཙམ་མ་གཏོགས་བྱུང་མྱངས་མེད་ལ།   མ་འོངས་པར་ཡང་འབྱུང་དཀའ་བའི་གནས་སུ་གྱུར་ཡོད།

        བཅར་འདྲི་བ། རྒན་ལགས་ཀྱི་མ་འོངས་པར་བོད་ཀྱི་རིག་གནས་སློབ་གསོ་གང་འཕེལ་གཏང་ཐབས་ཀྱི་དགོངས་བཞེད་ཇི་ལྟར་ཡོད།

        རྒན་ལགས། ངས་མི་ལོ་ཉི་ཤུ་ལྷག་རིང་ལྷག་བསམ་དཀར་པོའི་སློབ་མ་གསོ་སྐྱོང་བྱེད་ཐབས་ཀྱི་ལས་གཅིག་པུ་ལ་འབད་པ་ཡིན།  ཡིན་ནའང་དུས་རབས་ཀྱི་འཕོ་འགྱུར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཁྲོད་སློབ་གསོའི་ལས་ཀའང་ཕྱོགས་ཡོངས་ནས་གོམ་པ་མཉམ་གཤིབ་ཀྱི་ལམ་དུ་མ་ཕྱིན་ན།    རྙིང་ཞེན་དང་འཁྲེགས་འཛིན་གྱི་ལྟ་བས་རྗེས་ལུས་ཀྱི་རྣམ་པ་བསྒྱུར་མི་ཐུབ་པས།   རིག་གནས་དང་འཚོ་བའི་བར་ཁ་ཐག་ཇེ་རིང་དུ་མི་གཏོང་བར་མཉམ་འབྲེལ་མཉམ་གནས་མཉམ་རྒྱལ་གྱི་བྱེད་ཐབས་འབའ་ཞིག་ལ་འབད་ཐུབ་ན་རིག་གནས་སློབ་གསོའི་ནུས་ཤུགས་ཚད་མཐོན་པོར་སླེབས་ཐུབ་པ་ཡིན།

        བཅར་འདྲི་བ།   དུས་རབས་ཀྱི་འཕོ་འགྱུར་ལྟར་རིག་གནས་དང་སློབ་གསོ་ལ་འགྱུར་བ་བཏང་དགོས་དོན་ཅི་རེད་ལགས།

        རྒན་ལགས།  དེ་ནི་འཚོ་བ་དང་རིག་གནས་བར་འབྲེལ་འདྲིས་ཆེན་པོ་ཆགས་ཡོད་པའི་རྐྱེན་རེད།   ང་ཚོ་བོད་ལ་འདུལ་བ་ཡུལ་དུས་དང་བསྟུན་དགོས་ཟེར་བའི་གཏམ་དེ་དཔེ་འདྲ་ཆགས་པོ་ཡིན་ས་རེད། ངས་གནའ་བོའི་མཁས་པ་ཚོས་མཛད་པའི་སྲོལ་རྒྱུན་གྱི་ཆོས་དང་རིག་གཞུང་ལ་བཟོ་བཅོས་བརྒྱབ་ནས་འགྱུར་བ་གཏང་དགོས་ཞེས་པའི་དོན་མ་ཡིན།  གནའ་བོའི་རིག་གཞུང་དེ་ཚོ་ད་ལྟའི་དུས་རབས་ཀྱི་འཕོ་འགྱུར་དང་མིའི་བསམ་བློ་དང་འཚམ་པར་འཆད་ཉན་སྤེལ་གསུམ་གྱི་གོ་བདེ་ལ་ཉན་སྤྲོ་བའི་སྒོ་ནས་འགྲེལ་བཤད་རྒྱག་ཅི་ཐུབ་བྱས་ན་རིག་གནས་བརྒྱུད་འཛིན་དང་སླར་གསོ་བྱེད་པའི་ནུས་ཤུགས་ཆེ་རུ་འགྲོ་བ་ཡིན་ལ།    ཕྱི་ཡུལ་གྱི་དངོས་པོའི་འཕེལ་རྒྱས་དང་མཛེས་སྡུག་བསྐྲུན་པའི་ནང་སེམས་ཀྱི་བསམ་པའི་དཔལ་ཡོན་གཉིས་གཅིག་གྲོགས་གཅིག་གི་ཟླ་ལ་སླེབས་ཐུབ་པའི་སློབ་གསོའི་རིན་ཐང་གི་ནུས་པ་ཐོན་ཐུབ་པ་ཞིག་ཡོང་གི་རེད།   དུས་རབས་འདིའི་ནང་མཁས་པའི་ཁྱད་ཆོས་འདོན་པའི་གཏམ་གྱིས་བཤད་སྒྲོས་ངོམ་པས་ཕན་ཐོག་གང་ཡང་མེད།  དགེ་རྒན་ཞིག་ལ་མཚོན་ན། ཕན་ཐོག་ཤ་སྟག་དེ་སློབ་གསོའི་ལམ་ནས་ད་ལྟའི་མི་རིགས་ཀྱི་འཚོ་བ་དང་རིག་གནས་གཉིས་བར་ཤ་འདྲེས་རྐང་འདྲེས་སུ་འགྲོ་བའི་དངོས་ཐོག་བདེན་འཚོལ་གྱི་གཏམ་གྱིས་ཕྱུག་པའི་འཆད་ཉན་ལ་འབད་དགོས་གསུངས།

སློབ་ཁྲིད་བྱེད་བཞིན་པ།

        བཅར་འདྲི་བ།  གནའ་བོའི་མཁས་པ་དེ་ཚོས་རིག་གནས་དང་སློབ་གསོའི་ལག་ལེན་ལྟར་འཆད་ཐབས་རྒྱུན་འཁྱོངས་བྱེད་པ་དེ་ལས་ལྷག་པའི་ཁྱད་ཆོས་འབུར་དུ་ཐོན་པའི་འཆད་ཐབས་ཤིག་ཡོད་དམ།

        རྒན་ལགས། སྐབས་དེའི་ནང་དུས་རབས་ཀྱི་འཕོ་འགྱུར་ལས་མིའི་བསམ་བློ་དང་མཐུན་པའི་ཕུལ་བྱུང་གི་རྣམ་དཔྱོད་དང་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་རིག་གཞུང་འཆད་ཐབས་ཤིག་ཡིན་པར་ངས་ཀྱང་ཁས་ལེན་གྱི་ཡོད།  སྤྱིར་སྔོན་གྱི་མེས་དབོན་དེ་ཚོས་སྐད་གསར་བཅད་ཀྱི་ལམ་ནས་བཀས་བཅད་མཛད་པ་དེ་དག་རིག་གཞུང་གི་ངོས་ནས་ནང་དོན་ལ་འགྱུར་བ་གང་ཡང་བཏང་ཡོད་པ་མ་རེད།  སྐབས་དེའི་དུས་རབས་ཀྱི་འཕོ་འགྱུར་དང་མིའི་བསམ་བློ་སྐད་ཀྱི་འགྲོས་དང་བསྟུན་ནས་གོ་བདེར་བཏང་བའི་འགྱུར་བཅོས་མཛད་པ་ཞིག་ཡིན་ཁོ་ཐག་རེད།  དཔེར་ན་དེང་དུས་དཔེ་མཚོན་བོད་བཙན་པོའི་དུས་སུ་ལག་ལེན་བྱས་པའི་ཏུའུ་ཧོང་ནས་ཐོན་པའི་བརྡ་རྙིང་གི་དཔེ་ཆ་དེ་ཚོ་དེང་དུས་ཀྱི་སྐད་ཡིག་དང་བསྡུར་ན་བེད་སྤྱོད་མེད་པར་རང་ཤུགས་སུ་ཆགས་འགྲོ་བཞིན་ཡོད་རེད། དུས་རབས་འདིའི་ནང་དུ་ད་དུང་སྔོན་གྱི་བརྡ་རྙིང་གི་ལམ་ནས་དེང་དུས་ཀྱི་སྐད་ཡིག་དང་མི་འགྲིག་བཞིན་དུ་བཙན་ཐབས་སུ་འཆད་ཉན་བྱས་ན་དེ་ནི་རྒུད་པ་ཀུན་གྱི་རྩ་བ་ལས་མཁས་པའི་བྱས་རྗེས་ཤིག་དང་སློབ་མའི་བསམ་བློའི་འཆར་སྒོ་དང་མཐུན་པའི་བྲོ་བ་ཞིག་ཡོང་ཐུབ་དཀའ་མོ་རེད། གཙོ་བོ་སྔོན་གྱི་རིག་གཞུང་གི་བརྡ་ཆད་རྣམས་དེང་དུས་ཀྱི་སྐད་ཡིག་དང་མཐུན་པར་བེད་སྤྱོད་བྱས་ནས་སློབ་གསོའི་ནུས་པ་འདོན་སྤེལ་བྱེད་གང་ཐུབ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཞིག་རེད། གོང་དུ་ཞུས་པ་དེ་དག་ནི་ཐབས་ཀྱི་ཆ་ནས་བཤད་པ་ཙམ་ཡིན་ལ། ད་དུང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལམ་ནས་འཕོ་འགྱུར་བྱུང་བའི་གསར་གཏོད་ཀྱི་ཕྱོགས་ལ་དེ་དང་འཚམ་པར་སློབ་གསོའི་ལས་གཞི་ལའང་ཤེས་རབ་ཀྱི་ཆ་ནས་བསམ་གཞིག་བྱེད་དགོས་པ་ནི་རིག་གནས་པ་ཞིག་གི་ངོས་ནས་བཤད་ན་ཕྲག་ཏུ་བབ་པའི་འོས་འགན་ཞིག་རེད་སྙམ་གྱི་ཡོད།  དེང་དུས་གསར་གཏོད་ཀྱི་ལམ་དུ་སྣོད་བཅུད་ཁ་ལོར་བསྒྱུར་ནས་འོད་སྟོང་ལྡན་པའི་སྔོན་མེད་འཇིག་རྟེན་གསར་པ་ཞིག་བསྐྲུན་པ་འདིའང་།  མིའི་ཀླད་རྩ་དང་འབྲེལ་བའི་ཤེས་རྒྱུད་རྩལ་སྤྲུག་ནས་རྣམ་དཔྱོད་ཁྱད་པར་ཅན་གྱིས་ལྐོག་འགྱུར་སྦས་དོན་གསང་བའི་གནས་རང་གྲོལ་དུ་བཏང་བའི་བློ་གྲོས་ཀྱི་རྩལ་བག་ཉལ་དུ་མི་གཏོང་བར།   ཤེས་བྱ་གཏིང་དཔོག་པའི་ཤེས་རབ་ཀྱིས་རྩལ་རྫོགས་པ་ལས་བྱུང་བ་ཡིན་ལ། ང་ཚོས་ཀྱང་སྤྱི་ཚོགས་འདིར་མཉམ་གནས་བྱས་པའི་བསམ་བློའི་གོམ་སྟབས་མཉམ་དུ་བསྒྱུར་ནས་ཚན་རིག་དང་རིག་གནས་ཀྱིས་ལམ་དུ་གསར་གཏོད་བྱེད་པའི་མིའི་ཁྲག་རྒྱུན་དྲོན་མོ་འབྱམས་བའི་ལུས་རྟེན་དང་རྣམ་དཔྱོད་ཀྱི་ཤེས་རྒྱུན་མྱུར་མོ་འབྱམས་པའི་སེམས་རྟེན་གཅིག་མཚུངས་ཡོད་པས།  སྙིང་སྟོབས་དང་སྤོབས་པ་མི་ཞན་པར་གསར་གཏོད་ཀྱི་ལམ་ནས་དངོས་པོའི་དཔལ་ཡོན་རྫོགས་པའི་མཛེས་སྡུག་སྐྲུན་ཐུབ་པར་ཡིད་ཆེས་ཡོད་དགོས།

        རྙེད་བཀུར་དང་སྙན་གྲགས་རྒྱབ་ཏུ་སྐྱུར་ནས་ལྷག་བསམ་གྱི་འཛུམ་དཀར་སློབ་གླིང་དུ་འཕྲོ་ཞིང་རིག་པའི་མེ་ཏོག་ཀྱི་བསུང་ངད་ཕྱོགས་མེད་དུ་ཐུལ་བའི་དགེ་བའི་བཤེས་གཉེན་ཆེན་མོ་ཁོང་ནི་དེང་དུས་སློབ་གྲྭ་གཞན་པ་མང་པོས་གཅིག་རྗེས་གཉིས་མཐུད་དུ་གདན་ཞུས་ཕོ་ཉ་བར་མེད་དུ་འགྱེད་ཀྱང་ཞབས་སོར་མ་བཀོད་པར་སློབ་གླིང་དེ་གའི་སློབ་མ་རྣམས་ལ་སློབ་ཁྲིད་ཀྱི་བར་ཆད་ཤོར་བའི་ཐུགས་ཁུར་ལྷོད་གཡེང་མེད་པར་གནང་ནས་འཆད་ཉན་ཀྱི་བྱ་བས་དུས་འདའ་བར་མཛད་ནས་ཡོད།  དེ་ལྟར་ཁོང་གི་སྐུ་ཚེ་གང་པོར་སློབ་གསོའི་མཛད་འཕྲིན་དང་འབྲེལ་བའི་དྲི་བ་དྲིས་ལན་གྱི་སྐོར་འདི་ནི་ཟིན་ཐོའི་ཚུལ་དུ་བྲིས་པ་རྣམས་དཀྱུས་གཅིག་ཏུ་བཀོད་པ་འདིས་ཀྱང་།  རྒན་ལགས་ཀྱི་སྐུ་ཚེའི་ཞབས་པད་བསྐལ་བརྒྱར་བརྟན་ཅིང་།  མཛད་ཕྲིན་དབྱར་མཚོ་ལྟར་འཕེལ་ཞིང་རྒྱས་པའི་རྒྱུ་གྱུར་ཅིག་གུ།

ཕ་ཡུལ་ལི་ཐང་ནས་ཡིན་པའི་མཐར་ཕྱིན་སློབ་མ་འགའ་དང་ལྷན་སྒྲོན།

        རྣམ་དཔྱོད་ཀྱི་རང་མདངས་གསལ་བའི་ལྗགས་རྩོམ་ཁག་ཅིག །

        ༡༽《གནས་ཆེན་མངོན་རིག་སེང་གེ་གཡུ་རྫོང་གི་ངོ་སྤྲོད་མདོར་བསྡུས》ཞེས་པ་ནི་《གངས་ལྗོངས་ཉི་གཞོན》དུས་དེབ་ཀྱི་༢༠༡༤ལོའི་དེབ་བཞི་པའི་ཐོག་ཏུ་བཀོད་ཡོད།

        ༢༽《གེ་སྨད་ཀྱི་མི་བརྒྱུད་ཆད་ཚུལ་དང་དེ་ཉིད་གེ་སར་གྱི་གདུང་རྒྱུད་ཡིན་ཚུལ་གྱི་སྐོར་རགས་ཙམ་གླེང་བ》ཞེས་པ་ནི་《གེ་སར་འཁྲུངས་ཡུལ》དུས་དེབ་ཀྱི་༢༠༠༤ལོའི་སྤྱིའི་དེབ་གྲངས་བཞི་པ་དང་།《གངས་དཀར་རི་བོ》དུས་དེབ་ཀྱི་༢༠༠༩ལོའི་སྤྱིའི་དེབ་གྲངས་དོན་གསུམ་པ་ཐོག་ཏུ་བཀོད་ཡོད།

        ༣༽《གནས་ཆེན་སེང་ལྕམ་གངས་རའི་ངོ་སྤྲོད་མདོར་བསྡུས》ཞེས་པ་ནི་དཀར་མཛེས་ཁུལ་མི་རིགས་ལས་བྱེད་འཛིན་གྲྭའི་དུས་དེབ་ཀྱི་༢༠༡༨ལོའི་དེབ་བཞི་པ་ཐོག་ཏུ་བཀོད་ཡོད།

        ༤༽《གེ་སར་གནས་ཆེན་སེང་ལྕམ་གངས་རའི་གནས་ཡིག་ཕྱོགས་བསྒྲིགས》ཞེས་པ་ནི་《གངས་དཀར་རི་བོ》དུས་དེབ་ཀྱི་༢༠༠༤ལོའི་སྤྱིའི་དེབ་གྲངས་རེ་གསུམ་པ་ཐོག་ཏུ་བཀོད་ཡོད།

        ༥ ༽ 《གེ་དགོན་ཨོ་རྒྱན་བསམ་འཕེལ་གླིང་གི་ལོ་རྒྱུས་རགས་བསྡུས》ཞེས་པ་ཁམས་པའི་འཛུམ་རིས་ཀྱི་༢༠༢༡ལོའི་སྤྱིའི་དེབ་སོ་གསུམ་པའི་ཐོག་ཏུ་བཀོད་ཡོད།

        ༦༽ 《གེ་སྨད་ཀྱི་ས་བཤད་མཐོང་བ་ཡིད་ཀྱི་རྒྱན་ཆ》ཞེས་པ་ནི་༢༠༡༢ལོའི་དཀར་མཛེས་ཁུལ་གྱི་ཕུལ་བྱུང་རྩོམ་དེབ་《ལང་ཚོའི་བཞད་སྒྲ》རུ་འདེམས་བསྒྲིགས་བྱས་ཡོད།

        ༧༽ བསྒྱུར་བསྒྲིགས་མཛད་པའི་《ལེགས་བཤད་ཉིང་བསྡུས་མཐོང་བ་ཡིད་འགུགས་ཞེས་བྱ་བ》ནི་ད་ལྟར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དུ་དཔར་གྲབས་བྱེད་བཞིན་ཡོད།

        ཁོང་ལ་ཐོབ་པའི་གཟི་བརྗིད་རྟགས་མ།

        ༡༽༡༩༩༧ལོ་ལ་ལྷོ་ནུབ་མི་རིགས་སློབ་གླིང་གི་ཕུལ་བྱུང་སློབ་ཆེན་མཐར་ཕྱིན་སློབ་མའི་མཚན་སྙན་ཐོབ།

        ༢༽༢༠༠༨ལོ་ལ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ཕུལ་བྱུང་ལས་སྒྲུབ་པའི་བྱ་དགའ་ཐོབ།

        ༣༽༢༠༡༢ལོ་ནས་༢༠༡༣ལོའི་བར་གྱི་དཀར་མཛེས་ཁུལ་གྱི་ཕུལ་བྱུང་འཛིན་གྲྭའི་འགན་ཁུར་དགེ་རྒན་གྱི་མཚན་སྙན་ཐོབ།

        ༤༽༢༠༡༧ལོ་ནས་༢༠༡༨ལོའི་བར་དཀར་མཛེས་ཁུལ་རིམ་པའི་རྐང་འཛིན་དགེ་རྒན་དུ་གདན་འདྲེན་ཞུས།

        ༥༽༢༠༢༠ལོ་ལ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ཕུལ་བྱུང་དགེ་རྒན་གྱི་མཚན་སྙན་ཐོབ།

        ༦༽༢༠༡༩ལོ་ནས་༢༠༢༠ལོའི་བར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ཕུལ་བྱུང་འཛིན་གྲྭའི་འགན་ཁུར་དགེ་རྒན་གྱི་མཚན་སྙན་ཐོབ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1