༄༅།། ཤོག་བྱ་བདའ་བའི་མི།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 01-17


        མི་རེ་རེར་རང་ཉིད་བྱིས་པའི་དུས་སུ་ཤིན་ཏུ་དགའ་མོས་ཆེ་བའི་རྩེད་མོ་རེ་ཡོད་སྲིད་ལ། རྩེད་མོ་རེ་རེས་མི་བུ་རང་རང་ལ་སྦྱིན་པའི་བྱིས་དུས་ཀྱི་འཇིག་རྟེན་ཡང་གཏན་ནས་གཅིག་མཚུངས་ཡིན་མི་སྲིད་པ་དང་། དེ་ལས་བྱུང་བའི་དགའ་སྣང་དང་སྤྲོ་སྣང་། ཁྲོ་སྣང་དང་སྐྱོ་སྣང་ཡོད་ཚད་ཀྱང་མི་གཅིག་པས། མི་ཚེ་གང་བོར་རང་རང་གི་སེམས་ངོར་དགའ་སྐྱོ་ཆགས་སྡང་གི་བག་ཆགས་བརྗེད་མི་ཐུབ་པ་རེ་བཞག་ཡོད་པ་རེད།

        དེ་བས་ང་རང་བྱིས་པའི་དུས་སུ་ཆེས་དགའ་བའི་རྩེ་མོ་ནི་ཤོག་བྱ་གནམ་ལ་སྤུར་རྒྱུ་དེ་ཡིན་པས། ནམ་རྒྱུན་ཨ་ཕར་ཤོག་བྱ་ཉོ་རུ་བཅུག་ནས་རང་དང་ན་ཚོད་མཉམ་པའི་བྱིས་པ་དེ་ཚོ་དང་ལྷན་དུ་ཤོག་བྱ་གནམ་ལ་སྤུར་ནས་དགའ་འབོད་བྱས་པ་ཡིན། ངའི་ཨ་ཅེ་ཡང་ཤོག་བྱ་མཁའ་ལ་སྤུར་ཏེ་བདའ་རྒྱུར་ཤིན་ཏུ་དགའ་བར་མ་ཟད། མོས་ཤོག་བྱ་གནམ་ལ་འཕུར་དུ་བཅུག་ཚེ། ང་ཚོའི་རྩེད་གྲོགས་སུས་ཀྱང་ཁོ་མོའི་དོ་ཟླར་མི་ཡོང་བ་དང་། ཤོག་བྱ་བདའ་རེས་བྱས་ནའང་མོས་མགྱོགས་མྱུར་ངང་ང་ཚོ་ལས་ལྡབ་འགྱུར་གྱིས་འཛིན་ཐུབ། དེའི་ཕྱིར་ང་རང་ཁོ་མོ་དང་ལྷན་དུ་ཤོག་བྱ་ནམ་མཁར་འཕུར་དུ་འཇུག་རྒྱུ་དང་། ཡང་ན། ཤོག་བྱ་བདའ་རྒྱུར་གཏན་ནས་མི་དགའ། རྒྱུ་མཚན་ནི་མོར་ང་ལས་ལྷག་པའི་འཇོན་ཐང་ཡ་མཚན་པ་ཞིག་ཡོད་པས་རེད། ཡིན་ཡང་སྐབས་དེར་རང་ཁྱིམ་གྱི་འཚོ་བའི་ཆ་རྐྱེན་ཅུང་དབུལ་བས་ཨ་ཕས་ནམ་རྒྱུན་ངེད་གཉིས་ཀྱི་བར་ལ་ཤོག་བྱ་གཅིག་ལས་མི་ཉོ་བས། ངེད་གཉིས་ལ་མཚོན་ན་ཤོག་བྱ་དེར་རིན་ཆེན་གྱི་ནོར་བུ་ཞིག་གི་འདང་རྩིས་ཡོད།

        ཡིན་ནའང་། ལོ་ཟླའི་འགྲོས་དང་བསྟུན་ནས་ཨ་ཅེ་ཡིས་ང་ལ་ཤོག་བྱ་ཇི་ལྟར་ནམ་མཁར་འཕུར་དུ་འཇུག་ཚུལ་དང་མགྱོགས་མྱུར་ངང་ཇི་ལྟར་འཛིན་པའི་ཐབས་ལམ་སོགས་གཅིག་གཅིག་གཉིས་གཉིས་བྱས་ཏེ་ཁྲིད་ཙ་ན། མ་བསླབས་མཁས་པ་གླིང་ན་མེད་ཅེས་པ་བཞིན་ངས་མོས་ཁྲིད་པའི་གོང་སྨོས་ཀྱི་གོ་རིམ་རྣམས་ཆད་ལུས་མེད་པར་ཁོང་དུ་ཆུད་པར་བྱས་པ་མཐོང་མ་ཐག མོའི་ཡིད་ཚིམ་སོང་བ་ལྟར་ང་ཚོ་ལས་ལོགས་སུ་གྱེས་སོང་། དེ་ནས་བཟུང་ངའི་ཨ་ཅེ་ང་ཚོ་དང་ལྷན་དུ་ཤོག་བྱ་བདའ་རུ་མི་འགྲོ་བས། ངས་མོར་ཞུ་བ་ཇི་ལྟར་བྱས་ཀྱང་། ད་ནི་རང་ཉིད་ཤོག་བྱ་བདའ་བའི་ན་ཚོད་ལས་བརྒལ་སོང་ཟེར་བའམ། ཡང་ན། རང་ཉིད་ཀྱི་རྐང་པ་ན་སྟེ་ཕར་ལྡིང་ཚུར་ལྡིང་བྱེད་མི་ཐུབ་པར་འདུག་ཅེས་ཁ་གཡར་ས་སྣ་ཚོགས་བཙལ་ནས་གཡོལ་ཐབས་བྱེད། དེའི་རྗེས་ཨ་ཕས་ཤོག་བྱ་ཉོས་ཡོང་ཐེངས་རེ་རེར་མོས་ཡོད་ཚད་ཁྱོད་གཅིག་པུའི་ཡིན་ཟེར། མོའི་སྐད་ཆ་དེ་ཐོས་རྗེས། ངའི་སེམས་ལ་དགའ་སྤྲོ་སྐྱེས་རྒྱུ་ཕར་ཞོག དེ་ལས་ལྡོག་སྟེ་རང་ལ་གྲོགས་མེད་ཁེར་རྐྱང་གི་སྣང་བ་ཞིག་བྱིན་འོང་བས། སྐབས་དེར་ང་ཨ་ཅེ་ལ་སུན་གྱིན་ཡོད་པ་མ་ཡིན་པར། རང་ཉིད་ཁོ་མོར་འདང་བརྩེ་ཟབ་མོ་ཞིག་ཡོད་པ་གསལ་པོར་ཚོར་སོང་།

        དེའི་རྗེས་ཨ་ཅེ་དང་ངེད་གཉིས་མཉམ་དུ་སློབ་གྲྭར་སོང་བ་ཡིན་མོད། འོན་ཀྱང་མོ་སློབ་སྦྱོང་ལ་དགའ་ཞིང་། སློབ་སྦྱོང་གི་སྦྱངས་འབྲས་ཀྱང་ཕུན་སུམ་ཚོགས་ཤིང་གཡུར་དུ་ཟ་བ་ཞིག་ཡིན། ཡིན་ཡང་རང་ཉིད་དེ་ལས་ལྡོག་སྟེ། སློབ་སྦྱོང་ལ་མི་དགའ་ཞིང་སྦྱངས་འབྲས་ཀྱང་ཤིན་ཏུ་ཞན་པས། སློབ་སྐབས་གཅིག་མཇུག་རྫོགས་པའི་གོ་རིམ་ཁྲོད་ནས། མོར་མཚོན་ན་བསླབ་ཁག་ཡོངས་ཀྱི་རྒྱུགས་འབྲས་ཕུན་སུམ་ཚོགས་པ་དང་ངས་བསླབ་ཁག་གཅིག་མ་གཏོགས་རྒྱུགས་འཕྲོད་མེད་པས་སློབ་གྲྭར་འགྲོ་འདོད་མ་བྱུང་བར་ཕ་མ་གཉིས་ལ་སློབ་བྱོལ་བྱེད་པའི་རེ་བ་ཞུས། དེའི་སྐབས་ཀྱི་ཡུལ་མི་ཚང་མ་ཡིག་རྨོངས་པ་ཤ་སྟག་ཡིན་པའི་ཁར་སློབ་གྲྭར་ངེས་པར་དུ་འགྲོ་དགོས་པའི་ལེགས་ཉེས་ཀྱང་རྟོགས་ཀྱིན་མེད་པའི་རྐྱེན་གྱིས་རུ་སྐོར་ཁྱིམ་མཚེས་དེ་དག་ལ་དྲིས་པ་ན། ལ་ལས “བུ་མོ་ཞིག་སློབ་གྲྭར་སོང་ནས་ཅི་བྱེད། རྗེས་སུ་གནས་ལ་འགྲོ་དགོས་པ་རེད”ཟེར། ཡང་ལ་ལས་ “མོ་སློབ་གྲྭར་མི་འགྲོ་ཟེར་བ་དེའང་འགྲིག་འདུག སློབ་གྲྭ་ནས་བྱིས་པ་ལམ་ལོག་ཏུ་བུད་འགྲོ”ཟེར་གྱིན་འདུག

        སྐབས་ཤིག་ཕ་མ་གཉིས་ཀྱིས་ང་ལ་ཡང་གདམ་གསེས་ཤིག་གནང་སོང་བ་སྟེ“ངེད་གཉིས་ཀྱིས་བུ་མོ་ཁྱོད་སློབ་གྲྭར་འགྲོ་བའི་ཆ་རྐྱེན་བསྐྲུན་ཡོད། འགྲོ་མི་འགྲོ་རང་ཉིད་ཀྱིས་ལྟོས། གཡག་ལ་ཆུ་འཐུང་འདོད་མེད་ན་བཙན་གྱིས་ཅི་ཕན”ཞེས་གསུངས། ཏག་ཏག་རང་ཉིད་སྨུག་སྤྲིན་ཀློང་ནས་མགོ་བོ་འཐོམས་པ་བཞིན་ཅི་བྱ་གཏོལ་མེད་དུ་གྱུར་པའི་སྐབས་དེར། ཨ་ཅེ་ནི་དུས་ཐོག་ཏུ་རྒྱུ་བའི་རླུང་བུ་ཞིག་ལྟར་ངའི་གམ་དུ་བརྒྱུགས་ཡོང་ནས“གཅེས་ཕྲུག་མ། ཁྱོད་ཀྱིས་སློབ་གྲྭར་མི་འགྲོ་མ་ཟེར། རང་ལ་བརྩོན་པ་ཡོད་ན་སློབ་སྦྱོང་ཡང་དེ་འདྲ་དཀའ་རྒྱུ་ཅི་ཡོད། ཁྱོད་ཀྱིས་སློབ་སྦྱོང་བྱེད་རྒྱུ་དེའང་ཤོག་བྱ་ཞིག་གི་ཚད་དུ་ཞོག་དང་། ཤོག་བྱ་སྤུར་ནས་སྤྲོ་སྣང་འཚོལ་བ་དང་སློབ་སྦྱོང་བྱས་ནས་ཕུགས་བསམ་འཚོལ་བ་གཉིས་མ་གཞི་ནས་གཅིག་ཡིན”ཞེས་ང་ལ་སེམས་གཏམ་བརྗོད་བྱུང་། ཁོ་མོས་ང་ལ་སྨྲས་པའི་སྙིང་གཏམ་དྲོན་མོ་དེས་ངའི་ཐེ་ཚོམ་གྱི་མདུད་རྒྱ་ཡོངས་སུ་གྲོལ་སོང་བས། ངས་ཀྱང་ཐེ་ཚོམ་དང་ནེམ་ནུར་ཅི་ཡང་མེད་པའི་སྒོ་ནས་རང་ལ་དབང་བའི་ཤོག་བྱ་དེ་ཉིད་མུ་མཐུད་དུ་བདའ་རྒྱུའི་སེམས་ཐག་བཅད་པ་ཡིན།

        དེ་ལྟར་ཕུ་བོ་དང་ཨ་ཅེ་ངེད་ཚོ་ཚང་མ་སློབ་གྲྭར་སོང་བའི་རྐྱེན་གྱིས་ཕ་མ་གཉིས་ཀྱི་ལུས་ཟུངས་ཉིན་རེ་ནས་ཉིན་རེར་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་མཐོང་ནས། བདག་བས་གཞན་གཅེས་ཀྱི་བྱམས་སེམས་ལྡན་པའི་ཨ་ཅེ་ཡིས། རང་ཉིད་ཆེས་དགའ་མོས་ཆེ་བའི་རིག་གནས་སྦྱོང་མཚམས་བཞག་སྟེ་ཡུལ་དུ་ལོག་ཅིང་། ཤེས་རིག་གི་ཤོག་བྱ་སྤུར་བའི་གོ་སྐབས་ཕུ་བོ་དང་ངེད་གཉིས་ལ་སྤྲད་བྱུང་། མོས་ངེད་གཉིས་ཀྱི་ཆེད་དུ་རང་ཉིད་ཀྱི་ཕུགས་བསམ་དོར་ཞིང་། ཕ་མ་གཉིས་ཀྱི་དཀའ་སྡུག་ཕྲག་ཏུ་བླངས་པའི་འདས་དོན་ཡོད་ཚད་ངའི་ཡིད་ལ་དྲན་ཐེངས་རེར། ཁོ་མོས་བདག་ལ་གཅེས་སྐྱོང་དང་བསླབ་བྱ་གནང་བའི་བཀའ་དྲིན་དེ་དག་ཀྱང་ཞོར་དུ་རྡོ་བརྐོས་རི་མོ་བཞིན་ཀུན་རྟོག་སེམས་ལ་འཁོར་ཡོང་བས། དངོས་གནས་ཁོ་མོའི་དྲིན་ལན་གཞལ་ཐབས་ཤིག་ག་ལ་ཡོད་ཨང་སྙམ་བྱུང་།

        དེ་བས་ངས་ནམ་རྒྱུན་སེམས་ལ་རང་ཉིད་ཀྱིས་འཚོལ་སྙེག་བྱེད་ཀྱིན་པའི་ཤོག་བྱ་དེ་ཉིད་རང་གཅིག་པུས་མ་ཡིན་པར། ཕ་མ་གཉིས་དང་ཨ་ཅེ་སོགས་ཀྱི་རེ་བ་དང་ཡིད་ཆེས་ཡིན་པས། རང་ཉིད་ཀྱི་ལུས་ཟུངས་ཟད་དེ་རུས་པར་གྱུར་ན་ཡང་། བརྩོན་པའི་གཤོག་ཟུང་སྤོབས་པས་བཏེགས་ནས་ཕུགས་བསམ་གྱི་ཤོག་བྱ་མ་ཟིན་བར་དུ་མུ་ནས་མུ་རུ་བདའ་རྒྱུའི་སེམས་ཐག་བཅད་ཡོད་དོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1