ཞི་ཅིན་ཕིང་གིས་ཏང་ཕྱིའི་མི་སྣ་དང་བཞུགས་མོལ་གནང་ནས་དཔྱིད་གསར་དུས་ཆེན་ལ་ལྷན་དུ་བསུ་བ་ཞུ་སྐབས་ནན་བཤད་གནང་དོན།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 01-18


ཞི་ཅིན་ཕིང་གིས་ཏང་ཕྱིའི་མི་སྣ་དང་བཞུགས་མོལ་གནང་ནས་དཔྱིད་གསར་དུས་ཆེན་ལ་ལྷན་དུ་བསུ་བ་ཞུ་སྐབས་ནན་བཤད་གནང་དོན།

དེ་བས་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་ལ་བརྟེན་ནས་རང་འགན་གཙང་སྒྲུབ་ཀྱིས་སེམས་ནུས་གཅིག་སྒྲིལ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བར་ནུས་པ་དེ་བས་ཆེ་བ་འདོན་དགོས།

        2023ལོ་ནི་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ལོ་ཡིན་པས་རེ་བ་དང་འགྲན་སློང་མཉམ་དུ་གནས་ཡོད། ཚང་མས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་དེ་བས་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་ལ་བརྟེན་ནས་རང་འགན་གཙང་སྒྲུབ་ཀྱིས་སེམས་ནུས་གཅིག་སྒྲིལ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བར་ནུས་པ་དེ་བས་ཆེ་བ་འདོན་པ་དང་། རྒྱ་ཆེའི་ཁོངས་མི་དང་འབྲེལ་གཏུག་བྱ་ཡུལ་མང་ཚོགས་སྐུལ་སློང་དང་སྐུལ་ལྕག་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱ་རྒྱུའི་རེ་བ་ཡོད།

       སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལྟེ་བའི་ལས་འགན་མངོན་འགྱུར་ཡོང་བར་རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་མཐུན་སྒྲིལ་འབད་འཐབ་བྱེད་དགོས།

        འདི་ནི་ཟླ་1ཚེས་16ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཏང་ཕྱིའི་མི་སྣ་དང་བཞུགས་མོལ་གནང་ནས་དཔྱིད་གསར་དུས་ཆེན་ལ་ལྷན་དུ་བསུ་བ་ཞུས་ཤིང་། དབང་དབྱང་དང་ཝང་ཧུའུ་ཉིང་། ཏིང་ཤུའེ་ཞང་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་དམངས་གཙོ་ཏང་ཤོག་ཁག་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་དང་བཞུགས་མོལ་གནང་ནས་དཔྱིད་གསར་དུས་ཆེན་ལ་ལྷན་དུ་བསུ་བ་ཞུས་པ་རེད། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་དམངས་གཙོ་ཏང་ཤོག་ཁག་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་གསར་དུ་བདམས་པའི་འགོ་ཁྲིད་ཚན་ཁག་གི་ཁོངས་མིར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་འབྲེལ་དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། འཐབ་ཕྱོགས་གཅིག་གྱུར་གྱི་རྒྱ་ཆེའི་ཁོངས་མི་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་ཤིང་། ཁོང་གིས། 2023ལོ་ནི་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ལོ་ཡིན་པས་རེ་བ་དང་འགྲན་སློང་མཉམ་དུ་གནས་ཡོད། ཚང་མས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་དེ་བས་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་ལ་བརྟེན་ནས་རང་འགན་གཙང་སྒྲུབ་ཀྱིས་སེམས་ནུས་གཅིག་སྒྲིལ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བར་ནུས་པ་དེ་བས་ཆེ་བ་འདོན་པ་དང་། རྒྱ་ཆེའི་ཁོངས་མི་དང་འབྲེལ་གཏུག་བྱ་ཡུལ་མང་ཚོགས་སྐུལ་སློང་དང་སྐུལ་ལྕག་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།

        རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཝང་ཧུའུ་ཉིང་དང་ཏིང་ཤུའེ་ཞང་ཚོགས་འདུར་ཞུགས་ཡོད་པ་རེད།

        ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲེང་ཅན་པང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཏིང་ཀྲུང་ལི། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མིང་ཅིན། ཀྲུང་གོ་དམངས་གཙོ་ཡར་སྐུལ་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥུང་། ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཧོ་ཝེ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཅང་ཙུའོ་ཅུན། དགུ་གསུམ་ཤེས་རིག་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝུའེ་ཧྭ། ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧུའེ། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་བ་རེད།

        ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས། ཉིན་ཤས་སོང་རྗེས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་དཔྱིད་གསར་དུས་ཆེན་འཆར་རྒྱུ་རེད། ལྷན་རྒྱས་དང་མཉམ་འཛོམས་ཀྱིས་དཔྱིད་གསར་དུས་ཆེན་ལ་བསུ་བ་ཞུ་བ་དང་། མཛའ་བརྩེ་ཟབ་མོ་གླེང་བ། རྒྱལ་ཇུས་མཉམ་གྲོས་བཅས་བྱ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་པ་རེད།

        ཞི་ཅིན་ཕིང་གིས་གསུངས་དོན། 2022ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལོ་རྒྱུས་ཐོག་གི་གལ་འགངས་ཤིན་ཏུ་ཆེ་བའི་ལོ་ཞིག་རེད་ལ། རང་རེའི་ཏང་གིས་འཐབ་ཕྱོགས་གཅིག་གྱུར་གྱི་སྲིད་ཇུས་ཁ་གསལ་བཏོན་ནས་ལོ་ངོ་100འཁོར་བའི་ལོ་ཞིག་ཀྱང་རེད། དམངས་གཙོ་ཏང་ཤོག་ཁག་གིས“འགྱུར་མེད་དམ་འཇོག་གིས་ཏང་གི་རྗེས་སུ་འབྲངས། ལག་གདང་སྦྲེལ་ནས་དུས་རབས་གསར་པར་སྐྱོད་པའི”ཆབ་སྲིད་ཀྱི་རྩིས་སྤྲོད་རྩིས་ལེན་གྱི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་ནས། མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མ་བརྗེད་པ་དང་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་བཏང་བས་བསམ་བློ་དང་ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་སྔར་བས་བརྟན་དུ་ཕྱིན་ཡོད། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣས་སྒྱུར་འཕེལ་བརྟན་གསུམ་ཁྲོད་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་དམངས་གཙོའི་ལྟ་སྐུལ་བྱས་ཏེ། ཀྲུང་གུང་ཀྲུང་དབྱང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འདོན་དང་ཇུས་བསྟར་ནུས་ལྡན་བྱེད་པར་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས“ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱ་སྤྱོད་ལག་ལེན་བསྟར་རྒྱུར་སྐུལ་འདེད་བཏང་ནས་དམངས་གཉེར་ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་འཁུར་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་ཁྲིད་སྟོན་བྱས་ཡོད། ཁོང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ཏེ་ཚང་མར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་དང་བློ་སེམས་གཅིག་མཐུན་དང་མཐུན་སྒྲིལ་འབད་འཐབ་བྱེད་པ་ནི་ཏང་མང་མཉམ་ལས་ཀྱི་རྩ་བའི་ཆབ་སྲིད་ཀྱི་རྨང་གཞི་ཡིན། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་གི་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་གི་ཆབ་སྲིད་འགན་འཁྲི་ཨང་དང་པོ་ནི་ཆབ་སྲིད་ཀྱི་མེ་སྟག་རྒྱུན་འཛིན་དང་ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་ཟབ་ཏུ་བཏང་ནས་བློ་སེམས་གཅིག་མཐུན་དང་མཐུན་སྒྲིལ་འབད་འཐབ་ཀྱི་ཆབ་སྲིད་རང་གཤིས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱ་རྒྱུ་དེ་རེད། ཚང་མས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་ཆབ་སྲིད་ཀྱི་རྩིས་སྤྲོད་རྩིས་ལེན་གྱི་ནང་དོན་གལ་ཆེན་ལ་བརྩིས་ནས་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། རྒྱ་ཆེའི་ཁོངས་མི་དང་འབྲེལ་གཏུག་བྱ་ཡུལ་མང་ཚོགས་ཀྱི“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ལ་ཁྲིད་སྟོན་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ཐོག་གཅིག་གྱུར་ཡོང་བའི་རེ་བ་ཡོད། ཀྲུང་གུང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། རེས་སྐོར་གསར་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་འོས་འཚམ་ངང་སྤེལ་ནས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཀྱི་མོས་སེམས་དང་། བསམ་བློའི་མོས་སེམས། རིགས་པའི་གཞུང་ལུགས་ཀྱི་མོས་སེམས། བརྩེ་སེམས་ཀྱི་མོས་སེམས་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས།

        ཞི་ཅིན་ཕིང་གིས་གསུངས་དོན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལྟེ་བའི་ལས་འགན་མངོན་འགྱུར་ཡོང་བར་རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་མཐུན་སྒྲིལ་འབད་འཐབ་བྱེད་དགོས། དམངས་གཙོའི་ཏང་ཤོག་ཁག་གིས་ཏང་མང་མཉམ་ལས་ཀྱི་དགེ་མཚན་དང་ལྟེ་བའི་སྤྱི་ཡོངས་ཀྱི་དགོས་མཁོ་ཟུང་འབྲེལ་གྱིས་སྲིད་ཞུགས་སྲིད་གླེང་བྱེད་རིང་མང་ཚོགས་ཀྱི་བློ་གྲོས་གཅིག་སྡུད་བྱེད་པ་དང་། དམངས་གཙོའི་ལྟ་སྐུལ་བྱེད་རིང་གོ་སྐོན་ལྕག་འདེབས་བྱེད་པ། སྲིད་ཏང་གྲོས་མོལ་བྱེད་རིང་ཇུས་བཟང་འདོན་པ་བཅས་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་གི་ཇུས་འདོན་པ་ཡག་པོ་དང་། ལག་རོགས་ཡག་པོ། ལས་རོགས་ཡག་པོ་བཅས་བྱ་རྒྱུའི་རེ་བ་ཡོད། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་པ་དང་། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”དོན་འཁྱོལ། ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་ཏན་ཏིག་གཏོང་བ་སོགས་ཀྱི་གནད་དོན་གལ་ཆེན་ལ་དམིགས་ཏེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱེད་དགོས། རྣམ་པ་ཕུན་སུམ་ཚོགས་སུ་དང་ཐབས་ལམ་རྒྱ་ཆེར་བཏང་ནས་དམངས་གཙོའི་ལྟ་སྐུལ་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རྒྱ་ཆེའི་ཁོངས་མི་དང་འབྲེལ་གཏུག་བྱ་ཡུལ་མང་ཚོགས་ཀྱིས་གདེང་ཚོད་བརྟན་དུ་དང་དཔའ་སེམས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་ནས་དཔའ་ངར་ཆེན་པོས་མདུན་སྐྱོད་ལམ་བུའི་ཐོག་གི་དཀའ་ངལ་དང་ཉེན་ཁ་ལས་རྣམ་པར་རྒྱལ་ཕོད་པ་བྱེད་དགོས། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁེ་ལས་ཀྱི་དཀའ་སེལ་སྲིད་ཇུས་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་བ་དང་དམངས་གཉེར་ཁེ་ལས་ལ་དཀའ་ངལ་དངོས་སེལ་རོགས་བྱས་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་གདེང་ཚོད་ཆེ་རུ་གཏོང་དགོས།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོའི་སྲིད་ཏང་ལམ་ལུགས་གསར་པའི་ཆབ་སྲིད་ཀྱི་ལེགས་ཆ་འདོན་སྤེལ་ཡག་པོ་བྱེད་པར་དམངས་གཙོ་ཏང་ཤོག་ཁག་གིས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། ཆབ་སྲིད་ཀྱི་སྟངས་འཛིན་ནུས་པ་དང་། སྲིད་ཞུགས་སྲིད་གླེང་གི་ནུས་པ། རྩ་འཛུགས་ཀྱི་འགོ་ཁྲིད་ནུས་པ། མཉམ་ལས་མཉམ་སྒྲུབ་ཀྱི་ནུས་པ། རང་ངོས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཚང་མས་ཏང་དང་བློ་སེམས་གཅིག་མཐུན་དང་། རྒྱལ་གཅེས་དམངས་ཆེད། ལྷག་བསམ་རྣམ་དག་གིས་མཉམ་ལས། ལས་བཀུར་ལེགས་སྐྱེས་བཅས་ཀྱི་ཏང་མང་མཉམ་ལས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱས་ཏེ་ཆབ་སྲིད་བརྟན་པོ་དང་། རྩ་འཛུགས་བརྟན་པོ། ལས་སྒྲུབ་ནུས་ལྡན། སྤྱོད་ཚུལ་བཟང་པོ། ལམ་ལུགས་འཐུས་ཚང་བཅས་ཀྱི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་ཏང་ཞིག་ཏུ་འགྱུར་གང་ཐུབ་བྱེད་རྒྱུའི་རེ་བ་ཡོད། འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། མཐུན་སྒྲིལ་མཉམ་ལས་ཡག་པོ་བྱེད་པ། འགོ་ཁྲིད་ཚན་ཁག་གི་སྤྱི་ཡོངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ནས་དངོས་སྒྲུབ་ཡར་བརྩོན་དང་སྤྱོད་གཙང་གཞུང་དྲང་གི་གཟུགས་བརྙན་བཟང་པོ་གཏོད་དགོས། འདི་ལོ་ནི་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་ངོ་70འཁོར་བའི་ལོ་ཡིན་པས། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། སྒྱུར་བཅོས་གསར་གཏོད་མཐའ་འཁྱོངས་བྱེད་པ། འཐུས་ཚབ་མི་སྣའི་སློབ་གསོ་དང་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་འབྲེལ་་ཟམ་དང་། འབྲེལ་ཐག ལག་རོགས་བཅས་ཀྱི་ནུས་པ་སྔར་བས་ལེགས་པ་འདོན་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1