༄༅། །མཚོན་རྨ་གསོ་བའི་སྐོར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-04


     རྨ་སྤྱི་ལ་ཁོང་སྨན་ཐོག་མར་སྤང་རྩི་བཅུ་གཉིས། ག་བུར་ཉེར་ལྔ་སོགས་བཏང་བས་རྨ་ཚད་མི་ལྡང༌། རྒྱུན་དུ་ལྡུམ་ཆེན་དགུ་སྦྱོར། རིམ་པ་བཅུ་གསུམ་རྣམས་ཟབ། རྨ་ཁ་ལ་བཅད་འབྱོར་ཉེར་ལྔའམ། ཡུ་གུ་ཤིང་ཁཎྜ་བྱུག མགོ་ཆག་ལ་བྱ་མོ་ཁུད་པའི་བདུད་རྩི་སུམ་སྦྱོར། གནམ་ཆོས་མགོ་སྨན་རྣམས་ཟབ་ཅིང༌། བདུད་རྩི་སུམ་སྦྱོར་དཀྱུས་མས་ཀྱང་ཚ་བ་ཆུང་བ་ལ་ཕན། སྔགས་རྟི་བྱ་མ་ཟབ། འབྲི་ལུགས་ཐིག་སྨན་སྤྱི་ལ་འགྲོ། བརྡབ་འགྲམ་རིགས་ལ་བུལ་ཏོག་སྟར་བུ་ཆ་མཉམ་དུ་སྦྱར་བ་ཁོ་ན་མཆོག་ཡིན། ཤའུ་གསོ་བ་ལ་སྟག་ཤ་ཐུན་གསུམ།ཚ་ལ་གུར་གུམ་དོམ་མཁྲིས་རྣམས་ཐུན་རེ་སྦྱར་བ་ཞིབ་བཏགས་སྐམ་འདེབས་བྱ། ཤ་རོ་གཅོད་ན་དཀར་གོང་སྲིན་ཅན་ཐུན་གསུམ།སྟག་ཤ་བ། ལྡོང་རོས། དོམ་མཁྲིས། ཚ་ལ། མྱུ་གུ་ཤིང༌། ཁུར་མང་ཆུ་རྩ། ཡུང་བ་རྣམས་ཐུན་རེ་རེ་སྦྱར་བའི་ཕྱེ་མ་ཞིབ་མོ་སྐམ་འདེབས་བྱ།ཐོག་མཐར་གཉན་བསྡོང་ན་གཉན་སྨན་རིགས་དང་ཁྱད་པར་ཁྱུང་ལྔ་ཁོ་ན་ཟབ་པས་བཏང༌།

       ཁྱད་པར་མཁོ་གལ་ཆེ་བ་མགོ་བོ་ཆག་མིན་བརྟག་པ་ནི། སོར་མོ་གསུམ་ཁར་བཅུག་པས་ཐམས་ཅད་ཚུད་ན་ཆག་མེད་པའི་རྟགས།གཅིག་མ་སོང་ན་ཆག་ཡོད་རྟགས། གཉིས་མ་སོང་ན་པགས་རྒྱ། གསུམ་ཀ་མ་སོང་ན་ཀླད་རྒྱ་ཉམས་རྟགས་ཡིན་པས་རིམ་བཞིན་ཕྱི་མ་ཕྱི་མ་རྣམས་གསོ་དཀའ་འོ།། ཆག་ན་ཕྱི་ནས་རྒྱ་ཆིངས་ཕྱག་ལེན་བཞིན་བྱ། བྱང་བ་མ་བཏང་བའི་མགོ་སྦྱོང་གིས་འབྱར་བྱ། སྡུད་སྒོ་བཞིར་གཙག་བུས་ཆུ་སེར་དྲངས། དེ་སྟེང་ཚུགས་གདབ། ཁོང་སྨན་བྱ་མོ་ཁུད་པའི་བདུད་རྩི་སུམ་སྦྱོར་དང༌། ཕྱི་ནས་འདེབས་སྨན་ལྡུམ་ཆེན་དགུ་སྦྱོར་ཟབ། རུས་པས་གང་ནས་ཕུག་ཡོད་པ་དེ་སྟེང་འདབ་སྤུ་གཞག་པས་རྣག་དང་ཆུ་སེར་དྲངས་ནས་རྨ་ཁ་གསལ་བར་མཐོང་དུས་ལྕགས་ཐུར་གྱིས་རུས་ཟན་བྲུ། དེ་དང་ཁུང་མཚམས་སུ་རྟོ་ལེའི་རུས་པ་ལྟ་བུ་སྤྲད་པའི་སྟེང་ཐིག་སྨན་རྣམས་ཀྱིས་འབྱར་བྱས་ལ་དཀྲི། པགས་རྒྱ་ཉམས་ན་སྐྲ་བཞར་ནས་མགོ་སྦྱོང་ལྟར་འབྱར་བྱ། དེ་སྟེང་འབྱོར་ན་གྲོད་པ། མ་འབྱོར་ན་རས་སོགས་ཀྱིས་གཏུམ། འདམ་འཆིང་འདིར་གསལ་ལམ་བྱེ་རིང་ལྟར་བྱས་ཀྱང་ལེགས། ཁོང་སྨན་གོང་དང་མཚུངས།རྒྱ་ཆིངས་བྱེད་ལུགས། སྐྲ་དཀར་ནག་གི་མཚམས་ནས་སོར་བཞི་རེའི་བར་དུ་ཤིང་བུ་མཛུབ་གང་གི་ཕྱེད་ཙམ་རེ་འཁོར་བར་བཞག་ལ་སྣལ་མས་དཀྲིས་མཚམས་ནས་ཤིང་བུ་བཏང་ལ་དྲུ་གུ་ལྟར་དཀྲི།དེ་སྟེང་ཞྭ་མོ་ལྟ་བུ་གཡོགས། འགྲམ་སོས་སྲན་མ་བསྡད་དུས་འབྱོར་རྟགས་ཡིན་པས་རིམ་གྱིས་ཀློད།

     ལག་པ་ཆག་ན་རྨ་སྨན་གྱིས་འབྱར་བྱ། དེ་སྟེང་རྩི་དཀར་འཁོར་མོར་བཞག་པའི་སྟེང་རི་བོང་སྤུའམ་མ་རྙེད་ན་བལ་གྱིས་དཀྲི། དེ་སྟེང་ཤིང་བྱང་བཞག་དགོས་པས་དེའང་དཔུང་པ་ཆག་ན་ནང་དུ་རང་གི་མཁྱིད་གང་དང༌། ཕྱི་ནས་མཐོ་གང་ཡོད་པའི་ཤིང་བྱང་སྲབ་ལ་ལྡེམ་པ་གང་འོས་བཞག་ལ་སྣལ་མས་བསྡམ།དེབ་དང་སྣལ་མ་ཐམས་ཅད་ཧ་ཅང་དམ་མི་ཉན་པས་ཧྲལ་པོར་དཀྲི། སེན་མོའི་མདོག་དམར་ཞིང་ལག་མགོ་ལ་དྲོད་ཕོག་ན་འབྱོར་རྟགས་དང༌། དེ་ལས་ལྡོག་ན་མི་འབྱོར། རིམ་གྱིས་འབྱོར་བ་ན་རྩི་དཀར་ཤབ་པས་རང་ཀློད་དུ་འགྲོ། རྐང་པའང་དེས་འགྲེ། རྟ་ནོར་ཆག་དུས་ཀྱང་རྩི་དཀར་དང་སྤེན་མའི་དེབས་སྔར་བཞིན་དཀྲི། མཛུབ་མོ་ཆག་ན་ལྕུམ་སྡོང་ཧོ་འབུད་ཀྱིས་དེབ་བཏང་ཞིང་དཀྲི། མཛུབ་མོ་ཆད་ན་གྲི་རྣོན་པོས་བཅད་ནས་མར་ཁུ་བླུགས་ལ་དེབས་བྱ།

    རྒྱུ་མ་ལུག་ན་ཆུ་དྲོད་ཉག་ཙམ་ཡོད་པས་ཁྲག་བཀྲུ། ཚིལ་རྣམས་ཆུ་དྲོན་གྱིས་དྲོད་རྒྱབས་ནང་དུ་བཙུད། གླ་རྩི་དང་དོམ་མཁྲིས་བཏབ། ཞིབ་མོ་མིན་ཙམ་དུ་ལེགས་པར་བཙེམ།ཐེར་ཁུག་གི་ཐད་ནས་ལུག་ན་བཅོས་རྒྱུ་མེད། དཔུང་པ་བུད་ན་མི་གཅིག་གིས་རྒྱབ་ནས་དམ་པར་བཟུང༌། ལྷ་རྗེས་ལག་དཔུང་ནས་འཐེན་པས་ཐེམ་སྒྲ་གྲགས་ན་ཚུད་རྟགས་ཡིན་པས་མགུལ་དུ་བཅིངས་ལ་སྤྱོད་ལམ་གཟབ། ལག་པ་བུད་ནས་ཁད་སྙོམས་པ་ཞིག་གི་སྟེང་དུ་ཕྱིན་པ་བཏིང༌། ལག་པ་ཁ་སྦུབས་དྲང་པོར་བཞག་ནས་རྐང་པས་བརྫིས་པས་ཆུད་ངེང༌། རྐང་པ་བུད་ན་གར་བུད་པའི་ས་ནས་སྔ་མ་ལྟར་ཚུར་བསྲངས་ནས་བཙུད། པུས་མོ་བུད་ནའང་བཙུད་ཐབས་སྔར་ལྟར་དང༌། ཐམས་ཅད་ལ་རྗེས་གཅོད་རྔབས་རུ་དང་ཆུ་ལུམས་སོགས་བྱ། མ་ནེ་བུད་ན་སྣ་ནང་དུ་དུད་རྒན་བཏབ་པས་སྦྲིད་པ་བྱུང་ན་ཆུད་ངེས། ཐུར་སེལ་གྱི་རླུང་ལོག་པ་དང་གྲང་གཞི་སོགས་ཀྱིས་གཞང་ལུག་ན། འཕང་སྟོད་དང༌། ཁོག་སྟོད། འཕོང་མཐོ་བར་བསྟོད། ཁོག་སྟོད་སྒུར་ཞིང་དམའ། མར་ཁུ་ཐོན་ཡག་བྱས་པས་དྲོད་ཉག་ཙམ་ཡོད་པས་བཀྲུ། རས་སྣུམ་ཚོས་བྱས་པས་ནང་དུ་བསྡིག ཕྱིང་པ་སྣུམ་ཚོས་དང་ཆུ་སྲིན་སྡེར་མོ་བཏབ་པ་བླུགས་ནས་བརྫང༌། ཁོང་སྨན་སྦྲུལ་ཞགས་བཅུ་གཉིས་དང་བཅོ་བརྒྱད་པ་རྣམས་ཟབ། ཡང་ན་སྦྲུལ་ཞགས་པ། ད་ཏྲིག མོན་ཆ་ར། སྒ་སྐྱ། དཀར་པོ་ཆིག་ཐུབ་ཆ་མཉམ་ལྔ་སྦྱོར་རམ། སྦྲུལ་ཞགས། མོན་ཆ། སྐྱ། རམ་བུ་ཆིག་ཐུབ་བཞི་སྦྱོར་མར་ཁུས་ཕུལ།འབའ་ཆ་དང་རུས་རྙིང་སྣུམ་ལྡན་གྱིས་དྲོད་དུག་བྱ། རྗེས་གཅོད་མདོ་རོ་སྲང་ཆེན་དང༌། དཔྱི་མིག་གཉིས་སུ་མེ་བཙས་བསྡམ་མོ།།  རྨའི་ཁྲག་ཤོར་ཅིས་ཀྱང་མ་ཐུབ་པ་དང༌། རྒྱུ་གཟེར་ཁྲག་བཤལ་འབྱམས་པ། སྣ་ཁྲག་ཚབས་ཆེན་སོགས་ལ།སུག་སྨེལ། མཚེའི་ཁཎྜའམ་ཐལ་བ། མཚལ། དོམ་མཁྲིས།ཤིང་ཚ་རྣམས་ཀྱི་ཕྱེ་མ་ཆུ་གྲང་གིས་ཕུལ་བ་ཟབ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1