རང་རྒྱལ་གྱི་དཔལ་འབྱོར་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་120ལྷག་ཙམ་ཟིན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 01-28



འཕེལ་རྒྱས་ཀྱི་རྨང་གཞི་དེ་བས་བརྟན་པ་དང་། སྤུས་ཚད་དེ་བས་ལེགས་པ། སྒུལ་ཤུགས་དེ་བས་ཆེ་བ།

        ཉེ་ཆར། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་གྲངས་གཞི་ཁྱབ་བསྒྲགས་བྱས་པ་དང་། ཞིབ་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། 2022ལོ་ཧྲིལ་པོར་རང་རྒྱལ་གྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1210207ཟིན་པ་དང་། དཔལ་འབྱོར་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་120ལྷག་ཙམ་ཟིན་ཞིང་། རིན་གོང་མི་འགྱུར་བ་ལྟར་རྩིས་བརྒྱབ་ན་ལོ་གོང་མ་ལས་3%འཕར་ཡོད་པ་རེད།

        “རང་རྒྱལ་གྱི་དཔལ་འབྱོར་བསྡོམས་འབོར་མུ་མཐུད་2020ལོ་དང་2021ལོར་བསྟུད་མར་སྒོར་དུང་ཕྱུར་ཁྲི་100དང་སྒོར་དུང་ཕྱུར་ཁྲི་110ལྷག་ཙམ་ཟིན་རྗེས་སླར་ཡང་སྐས་རིམ་གསར་པར་སླེབས་ཡོད”ཅེས་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་ཅུས་ཀྲང་ཁང་དབྱིས་ངོ་སྤྲོད་བྱས་པ་རེད།

        2022ལོར་ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་མཉམ་དུ་འཕྲད་ནས་འཕེལ་རྒྱས་ཁོར་ཡུག་གི་རྙོག་འཛིང་རང་བཞིན་དང་། ཛ་དྲག་རང་བཞིན། གཏན་འཁེལ་མེད་པའི་རང་བཞིན་བཅས་ཆེ་རུ་ཕྱིན་ཡོད། འགྱུར་ལྡོག་མང་ལ་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བའི་རྒྱལ་ནང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་གྱི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དཀའ་བར་མ་འཛེམས་པར་མདུན་དུ་སྐྱོད་པ་དང་ཞུམ་མེད་མདུན་དུ་བསྐྱོད་དེ་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། སྔོན་དཔག་ལས་འདས་པའི་རྒྱུ་རྐྱེན་གྱི་རྡབ་རྡེག་ལ་ཁ་གཏད་གཅོག་པ་བཅས་བྱས་པས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

        འབྲུ་རིགས་ཐོན་འཕར་དང་ལོ་ལེགས་བྱུང་བ། 2022ལོར་རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཏུན་ཁྲི་68653ཟིན་ནས་ལོ་གོང་མ་ལས་ཏུན་ཁྲི་368འཕར་བ་དང་། འབྲུ་རིགས་ཐོན་སྐྱེད་ལ“ལོ་བཅུ་དགུ་བསྟུད་མར་ལོ་ལེགས”བྱུང་ནས་ཀྲུང་གོ་བའི་ལྟོ་ཕོར་དེ་བས་བརྟན་པོ་འཛིན་ཐུབ་པ་བྱུང་ཡོད་པ་རེད།

        ལས་ཞུགས་སྤྱིའི་ཆ་ནས་བརྟན་པོ་བྱུང་བ། 2022ལོར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་ཁྲི་1206གསར་དུ་ལས་ཞུགས་ཐུབ་ནས་མི་ཁྲི་1100ཡི་སྔོན་དཔག་དམིགས་ཚད་སྔ་སྣུར་དུ་ལེགས་གྲུབ་བྱུང་ཡོད་པ་རེད།

        ཟོག་གོང་རན་པོ་འཕར་བ། 2022ལོར་གྲོང་མིའི་འཛད་སྤྱོད་རིན་གོང་སྟོན་གྲངས་ལོ་ཧྲིལ་པོར་2%འཕར་ཞིང་། གོ་ལ་ཧྲིལ་པོའི་འབྲུ་རིགས་དང་ནུས་རྒྱུའི་རིན་གོང་ཧ་ཅང་འཕར་བ་དང་ཕྱི་རྐྱེན་གྱིས་བཟོས་པའི་དངུལ་ལོར་འགྲེམས་ཐལ་ཤོར་བའི་གནོན་ཤུགས་ཅུང་ཆེ་བའི་གནས་ཚུལ་འོག་རང་རྒྱལ་གྱི་རིན་གོང་དུས་བབ་བརྟན་པོ་རྒྱུན་འཁྱོངས་ཐུབ་སྟེ་ཡོ་རོབ་དང་ཨ་རི་སོགས་དཔལ་འབྱོར་སྒྲིག་གཞི་གཙོ་བོའི་དངུལ་ལོར་འགྲེམས་ཐལ་ཤོར་བ་དང་སྡུར་བ་མངོན་གསལ་དོད་པོ་ཆགས་ཡོད་པ་རེད།

        “དཔལ་འབྱོར་བསྡོམས་འབོར་དང་མི་རེའི་ཆ་སྙོམས་ཆུ་ཚད་རྒྱུན་མཐུད་མཐོ་རུ་སོང་བ་ལས་རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་སྟོབས་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས། རྒྱལ་སྤྱིར་ཤུགས་རྐྱེན་ཐེབས་ནུས། མི་དམངས་ཀྱི་འཚོ་བའི་ཆུ་ཚད་བཅས་སྔར་བས་མཐོ་རུ་ཕྱིན་ནས་འཕེལ་རྒྱས་ཀྱི་རྨང་གཞི་དེ་བས་བརྟན་དུ་ཕྱིན་པ་དང་། འཕེལ་རྒྱས་ཀྱི་སྤུས་ཚད་དེ་བས་ལེགས་སུ་ཕྱིན་པ། འཕེལ་རྒྱས་ཀྱི་སྒུལ་ཤུགས་དེ་བས་ཆེ་རུ་ཕྱིན་པ་བཅས་རང་རྒྱལ་གྱི་དཔལ་འབྱོར་གྱི་མཉེན་ཤུགས་ཆེ་བ་དང་། མངོན་མེད་སྟོབས་ཤུགས་ཆེ་བ། བར་མཐོངས་ཆེ་བ་བཅས་ཡོད་པ་མ་ཟད། ཡུན་རིང་ལེགས་པའི་འཕེལ་ཕྱོགས་ལ་འགྱུར་ལྡོག་བྱུང་མེད”ཅེས་ཁང་དབྱིས་བརྗོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1