༄༅།། འཚོ་བ་འཛུམ་གྱིས་བསུས་ན་བདེ་སྐྱིད་ངང་གིས་འཁོར་ཡོང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 01-30



        མི་ཚེའི་བཞུད་ལམ་རིང་མོ་ནི་མངར་སྐྱུར་བསྐ་གསུམ་གྱིས་གྲུབ་པ་ཞིག་ཡིན་པས། ཡོད་ཚད་བདེ་བླག་ཡོང་རྒྱུ་ནི་ཧ་ཅང་དཀའ། ང་ཚོས་ནམ་ཡང་འཚོ་བ་འཛུམ་གྱིས་བསུས་ན་བདེ་སྐྱིད་ངང་གིས་འཁོར་ཡོང་བའི་ཡིད་ཆེས་བཅངས་ཏེ། སྡུག་བསྔལ་དང་འགྱོད་སེམས་ཀྱིས་རང་ཅག་གི་འཚོ་བར་གནོད་འཚེ་ཐེབས་སུ་འཇུག་མི་རུང་།

        ང་ཚོས་འདི་ལྟར་བསམ་དགོས་ཏེ། ཁོ་ཧྥེ་ལ་བྲོ་བ་དེ་འདྲའི་ཞིམ་པོ་ཞིག་ཡོད་པའི་རྒྱུ་མཚན་ཡང་ཁོ་ཧྥེ་རྡོག་པོ་རེ་རེ་ཞིབ་མོར་འཐག་སྟེ།ཞིབ་ཅིང་འཇམ་པའི་ཁོ་ཧྥེ་ཕྱེ་མར་བཏང་ན་ད་གཟོད་བྲོ་བ་ཞིམ་པོ་ཞིག་འཐུལ་འོང་བ་མ་ཡིན་ནམ། མི་ལ་མཚོན་ནའང་དེ་བཞིན་ཏེ།ལོ་ཟླའི་འཁོར་ལོ་དེ་ཚེ་སྲོག་གི་ས་བོན་སྟེང་དུ་བསྐོར་ཏེ་ཕྱེ་མར་བཏུལ་ན།ད་གཟོད་མངར་ཞིང་བསྐ་བའི་བྲོ་བ་ཞིམ་པོ་ཞིག་འཐུལ་འོང་བ་རེད།ཕམ་ཁ་དང་བར་ཆད་ནི་མི་ཚེའི་ཁྲོད་ངེས་པར་དུ་མྱོང་དགོས་པའི་བརྒྱུད་རིམ་ཞིག་ཡིན་ཏེ།བརྒྱུད་མྱོང་བའི་བགྲོད་ལམ་དང་དཀའ་སྡུག་ཡོད་ཚད་ནི་མི་ཚེའི་རྒྱུ་ནོར་རྩ་ཆེན་ཞིག་གོ།

        ཉིན་རེར་འཕྲད་པའི་མི་དང་བྱ་བ་སྣ་ཚོགས་ལ་སྤྲོ་བ་ཆེན་པོས་ཁ་གཏད་པ་དང་།སྐད་ཆ་སོགས་ཀྱི་རྣམ་པས་བསམ་བློ་བརྗེ་རེས་དང་མཉམ་ལས་ལེགས་པོ་བྱེད་དགོས་ལ། ཕྱི་རོལ་དུ་འགྲོ་སྐབས་བློར་འབབ་པ་དང་མི་འབབ་པའི་མི་གང་ཞིག་དང་འཕྲད་རུང་།ཚང་མ་འཛུམ་གྱིས་བསུས་ནས་ཕན་ཚུན་བར་གྱི་བར་ཐག་ཇེ་ཐུང་དུ་གཏོང་བ་དང་། སྐབས་རེར་འགལ་བ་ཕྲན་ཙམ་རེ་བྱུང་ནའང་སྐད་ཆ་དང་བྱ་སྤྱོད་ཀྱི་ལམ་ནས་འགལ་ཟླ་སེལ་ཅི་ཐུབ་བྱེད་དགོས།སེམས་དྲོ་བའི་སྐད་ཆ་གཅིག་གིས་དགུན་གསུམ་གྱི་འཁྱགས་པ་བཞུ་ཐུབ་ཅེས་པ་ལྟར།སྐད་ཆ་འཇམ་པོ་རེ་བཤད་ན་མི་གཞན་ལ་དྲོད་ཁོལ་སྦྱིན་ཐུབ་པར་མ་ཟད། རང་ཉིད་ཀྱི་སེམས་ཁམས་སྐྱིད་པོ་ཡོང་ཐུབ་པས། དེ་ལྟར་མི་བྱེད་དོན་ཅི་ཡོད།

        གྲོགས་པོ་རྣམས་དང་ཁ་བརྡ་བྱེད་པའི་སྐབས་སུ། ངའི་གྲོགས་པོ་རྣམས་ཀྱིས་རྒྱུན་དུ་ང་ལ“ཁྱོད་རང་དཔེ་ཆར་བལྟ་རྒྱུ་དང་རྩོམ་ཡིག་འབྲི་རྒྱུར་དེ་འདྲའི་དགའ་དོན་ཅི་ཡིན”ཞེས་འདྲི་བ་དང་། ངས་དེ་ལ“མི་ཞིག་ཡིན་ན་དགའ་ཕྱོགས་ཤིག་དང་དོན་སྙིང་ལྡན་པར་འདོད་པའི་ལས་ཤིག་ཡོད་དགོས་ལ།སྤྲོ་བའི་སེམས་ཁམས་ཀྱིས་འཚོ་བར་གདོང་གཏོད་པ་དང་ཡོད་ཚད་འཛུམ་གྱིས་བསུས་ན་ད་གཟོད་ཚེ་སྲོག་ལ་དོན་སྙིང་ལྡན་པ་རེད”ཅེས་ལན་བཏབ་པ་ཡིན།ཁོམ་པ་ཡོད་པའི་སྐབས་སུ།ངས་གཏམ་རྒྱུད་ཐུང་ངུ་རེ་བསམ་བཀོད་བྱེད་པ་དང་། འཆར་གཞི་ཡོད་པའི་སྒོ་ནས་གསོག་འཇོག་བྱས་ཡོད་པའི་དཔྱད་གཞི་མཐའ་དག་ལེགས་སྒྲིག་བྱེད་པ།ཡང་ན་དྲན་ཐོ་འབྲི་བ་སོགས་ཀྱི་ལས་ལ་བརྟེན་ནས་རང་ཉིད་ཀྱི་སེམས་ཁམས་གསོ་བཞིན་ཡོད།

        མི་རེ་རེའི་སེམས་སུ་ཕུགས་འདུན་རེ་ཡོད་མོད།འོན་ཀྱང་ཕུགས་འདུན་མངོན་འགྱུར་འབྱུང་རྒྱུ་ནི་དེ་འདྲའི་སླ་མོ་ཞིག་ག་ལ་ཡིན། བརྒྱུད་མྱོང་བའི་མི་ཚེའི་བགྲོད་ལམ་དེའི་སྟེང་དུ་ཕངས་སེམས་མི་འདྲ་བ་རེ་ཡོད་ནའང་། ང་ཚོས་ཕུགས་འདུན་དེ་སྔར་བཞིན་ཡིད་ལ་བཅངས་ནས་ཡོད་ཚད་འཛུམ་གྱིས་བསུ་བ་དང་། ཉི་མ་རེ་རེ་སྤྲོ་བས་བསུས་ཏེ་སྐྱིད་པའི་འཚོ་བ་ལོངས་སུ་སྤྱོད་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1