ཁྲེང་ཏུའུ་ཡི་གྲོང་ཟུར་དུ་ཆགས་པའི་བདེ་སྐྱིད་ལྡན་པའི་གྲོང་ཚོ་ཞིག

སྒྲོལ་མ་ཚེ་བརྟན་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-01


ཀྲན་ཆི་གྲོང་ཚོ། གྲོང་གསེབ་དར་རྒྱས་ཁྲོད་དུ་སྦས་པའི་བདེ་སྐྱིད་ཀྱི་འཕོ་འགྱུར།

        2018ལོའི་ཟླ་2པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཁྲེང་ཏུའུ་གྲོང་ཁྱེར་ཕི་ཏུའུ་ཆུས་ཀྲན་ཆི་གྲོང་ཚོར་རྟོག་ཞིབ་ཏུ་ཕེབས་སྐབས། “ཨ་སྔོན་དབྱིངས་སུ་དམག་དར་ལྷབ་ལྷུབ་གཡོ་བ་མིང་དོན་དང་མཚུངས”ཞེས་བསྔགས་བརྗོད་གནང་བར་མ་ཟད། གྲོང་གསེབ་དར་རྒྱས་གཏོང་བའི་ཐད་མུ་མཐུད་མདུན་གྲལ་དུ་བསྐྱོད་དེ་དཔེ་སྟོན་གྱི་ནུས་པ་ཡག་པོ་འདོན་དགོས་ཞེས་མངགས་བཅོལ་གནང་།

        2022ལོར་ཀྲུང་གོའི་གུང་ཁྲན་ཏང་ཁྲེང་ཏུའུ་གྲོང་ཁྱེར་གྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ཐོག །རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཚོད་ལྟ་ཁུལ་གྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་དང་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ། བསྒྱུར་བཅོས་ཀྱི“ལེའུ་ཕྱི་མའི”ལས་དོན་ནན་ཏན་ངང་བསྒྲུབ་པ་བཅས་བྱས་ནས། གྲོང་གསེབ་དར་རྒྱས་དེ་མདུན་གྲལ་དུ་སྐྱོད་པ་དང་དཔེ་སྟོན་ཡག་པོ་བྱ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་སླར་ཡང་ཁ་གསལ་པོའི་སྒོ་ནས་བཏོན།

        མངགས་བཅོལ་ཡིད་ལ་དམ་པོར་བཟུང་སྟེ་སྙིང་སྟོབས་ཆེར་སྐྱེད་ཀྱིས། འདས་ཟིན་པའི་ལོ་བཞིའི་ནང་ཕི་ཏུའུ་ཆུས་ཀྱིས་ནུས་ཤུགས་ཡོད་རྒུས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ལ། རྒྱལ་ཡོངས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་ཤུགས་མགྱོགས་སུ་བཏང་ནས། མཉམ་འདྲེས་མཉམ་སྤྱོད་ཀྱི་ནང་གནས་རྣམ་པའི་གྲོང་གསེབ་དར་རྒྱས་གཏོང་བའི་ལམ་བུ་ཞིག་ལ་ཐོག་མར་བསྐྱོད་འགོ་ཚུགས་པ་རེད།

        2019ལོའི་ཟླ་3པར། གྲོང་ཚོའི་མཛེས་ལྗོངས་ཁུལ་རྒྱལ་ཁབ་ཀྱི་A4རིམ་པའི་མཛེས་ལྗོངས་ཁུལ་དུ་ཆོག་མཆན་ཐོབ་པ་དང་། ལོ་དེའི་ཟླ་6པར་ཞིང་ལས་དང་གྲོང་གསེབ་པུའུ་ཡིས་ཁག་དང་པོའི་རྒྱལ་ཡོངས་གྲོང་གསེབ་བཅོས་སྐྱོང་གི་དཔེ་མཚོན་20ཁྱབ་བསྒྲགས་བྱས་པ་དང་། དེའི་ཁྲོད་དུ་ཁྲེང་ཏུའུ་གྲོང་ཁྱེར་ཕི་ཏུའུ་ཆུས་ཐང་ཁྲང་ཁྲོམ་གཞུང་ཀྲན་ཆི་གྲོང་ཚོའི་ཏང་འཛུགས་སྐྱོང་གིས་སྤྱི་ཚོགས་རྩ་འཛུགས་ཀྱི་མཐུན་སྦྱོར་བཅོས་སྐྱོང་བྱ་ཐབས་དེ་དཔེ་མཚོན་ཁག་དང་པོར་བདམས་ཐོན་བྱུང་ཡོད་ལ། དེ་ཡང་སི་ཁྲོན་གྱི་ཐེངས་དང་པོར་བདམས་ཐོན་བྱུང་པའི་རྒྱལ་ཡོངས་གྲོང་གསེབ་བཅོས་སྐྱོང་དཔེ་མཚོན་གཅིག་པུ་རེད།

        རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་འབད་བརྩོན་ཧུར་ཐག་བྱས་ཏེ་གནས་འདི་རུ་ཡུལ་སྐོར་པ་ཇེ་མང་ནས་ཇེ་མང་དང་། དེ་སྔ་གྲོང་གསེབ་ནས་གྲོང་ཁྱེར་དུ་ཕྱིན་པའི་ན་གཞོན་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པའི་ཁ་གྲངས་ཡང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། 2021ལོར་གྲོང་ཚོས་ཡུལ་སྐོར་མི་ཐེངས་ཁྲི་106ཙམ་ལ་སྣེ་ལེན་ཞུས་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་ཁྲི་4669ལོན་ནས་གྲོང་མིའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་3.55ཟིན་པ་དེ་2018ལོའི་སྒོར་ཁྲི་2.6དང་བསྡུར་ན་སྒོར་ཁྲི་གཅིག་ཙམ་འཕར་སྣོན་བྱུང་།

        ཀྲན་ཆི་གྲོང་ཚོ་ནི་སི་ཁྲོན་ཞིང་ཆེན་གྱི་ཁྲེང་ཏུའུ་གྲོང་ཁྱེར་ཕི་ཏུའུ་ཆུས་ཐང་ཁྲང་གྲོང་རྡལ་ནུབ་རྒྱུད་དེ། ཕི་ཏུའུ་ཆུས་དང་ཏུའུ་ཅང་ཡན་གྲོང་ཁྱེར། ཕེང་ཀྲུའུ་གྲོང་ཁྱེར་གསུམ་གྱི་འབྲེལ་མཚམས་སུ་གནས་ཡོད་པ་དང་། ཁྲེང་ཏུའུ་གྲོང་ཁྱེར་དང་སྤྱི་ལེ་40ཡོད། ཐང་ཁྲང་གྲོང་རྡལ་ལ་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་དང་དེ་སྔ་རྫོང་གི་སྒྲིག་གཞི་ཡིན་ལ་ཁྲུང་ཉིང་རྫོང་དུ་འབོད། རྫོང་དེ་རུ་ཤེས་ལྡན་པ་མི་ཉུང་བ་ཞིག་ཐོན་མྱོང་པ་དང་ལ་ལའི་སྡོད་གནས་ད་དུང་སོར་བཞག་བྱས་ཡོད། 1958ལོར་རྫོང་དེས་སྐབས་དེའི་ཕི་རྫོང་སྟེ་དེང་གི་ཕི་ཏུའུ་ས་ཁུལ་དུ་ཕྱིར་འཐེན་བྱས་པས། གྲོང་རྡལ་དེ་ཡི་གཞི་ཁྱོན་ཅུང་ཆེ་བ་དང་མི་འབོར་ཅུང་མང་པོ་ཡོད། ད་དུང་སྲང་ལམ་རྙིང་པའི་ཁང་པ་འགའ་ཤས་སོར་འཇོག་བྱས་ཡོད་ཅིང་། ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་ལྡན། སྲོལ་རྒྱུན་གྱི་ཞིམ་ཟས་ཀྱང་མི་ཉུང་བ་ཞིག་ཡོད། “ལྗང་མདོག་དམག་དར། བདེ་སྐྱིད་ལྡན་པའི་ཨན་ཐང”གི་གྲོང་གསེབ་དར་རྒྱས་དངོས་མང་བཤམས་སྟོན་གླིང་གི་ལྟེ་བའི་ཁུལ་ཡིན་ལ“ཐང་ཁྲང་རྒྱལ་ཁབ་ཞིང་ལས་སྤྱི་གླིང་ཆེན་མོ། ཀྲན་ཆི་གྲོང་ཚོའི་མཛེས་ལྗོངས་ཁུལ”གྱི་ཚོགས་པའི་ལྟེ་བའི་ཁུལ་ཡང་ཡིན། མ་ཟད“ཤང་གྲོང་ཁྲོམ་ལམ་བཅོ་བརྒྱད”ཅེས་པའི་མཛེས་ལྗོངས་ཁུལ་ཡང་གསར་དུ་བསྐྲུན་ཡོད་དེ། ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་བཟོ་ཁང་སྣ་ཚོགས་གཅིག་ཏུ་བསྡུས་ནས་སི་ཁྲོན་ནུབ་རྒྱུད་ཀྱི་གྲོང་མིའི་སྡོད་ཁང་གི་ཁྱད་ཆོས་ལྡན་པ་དང་། གཞུང་ལམ་མང་ཆེ་བ་རྡོ་ལམ་ཡིན་པར་མ་ཟད། ལམ་རྒྱུད་དུ་ད་དུང་ཞིང་ལས་ཡོ་ཆས་བཀོད་སྒྲིག་བྱས་ཡོད་པས་གྲོང་གསེབ་ཀྱི་རྣམ་པ་ཟབ་མོ་ལྡན། བཟོ་ཁང་མི་ཉུང་བ་ཞིག་གིས་ཐོན་སྐྱེད་དང་བྲིན་ཚོང་བྱེད་བཞིན་ཡོད་པས་ཚོང་ཧ་ཅང་ཡག་པོ་ཡོད་པ་དང་། ལྷག་པར་དུ་སྲན་སྣུམ་དང་སྲན་སུར་འདག །ཐང་ཡོན། བསྙལ་ཟས་བཟོ་ཁང་སོགས་སུ་ལྟ་སྐོར་དང་བྲོ་བ་མྱོང་བ། དངོས་པོ་ཉོ་མཁན་སོགས་ཧ་ཅང་མང་པོ་ཡོད། གྲོང་ཚོ་ཡོངས་སུ་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི་མ་5.36དང་རྨོ་ཞིང་མུའུ་5441.5ཡོད། ཁོངས་གཏོགས་གྲོང་མིའི་ཚོ་ཆུང་16དང་དུད་ཚང་1445 མི་4493ཡོད། གྲོང་སྡེའི་ཏང་ཨུའུ་ཡི་འོག་ཏུ་ཏང་ཀྲི་པུའུ་6དང་ཏང་གི་ཚོ་ཆུང་13དང་། ཏང་ཡོན་163བཅས་ཡོད། 2019ལོར་གྲོང་ཚོའི་མཉམ་སྡེབ་རྒྱུ་ནོར་སྒོར་ཁྲི་7010ཟིན་པ་དང་། མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་621ཟིན་ཡོད། གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་3.24ཟིན་ཡོད།

        དུས་དེ་རིང་། གྲོང་ཚོའི་ནང་གི་ཐོན་ལས་རྣམ་པ་ཇེ་མང་དུ་འགྲོ་བ་དང་། གྲོང་མིའི་ཡོང་འབབ་མང་དུ་འགྲོ་བ། གྲོང་ཚོའི་རྣམ་པ་དེ་བས་མཛེས་སྡུག་ལྡན་པ་བཅས་སུ་གྱུར་ཡོད་ལ། ཀྲན་ཆི་གྲོང་ཚོ་དེ་གྲོང་གསེབ་དར་རྒྱས་ཀྱི་དར་ཆ་མངོན་གསལ་དོད་པོ་ཞིག་ཏུ་གྱུར་ཡོད།

        མཚར་སྡུག་འོད་སྟོང་འབར་བའི་འདས་སོང་གི་ལོ་ཟླ་སེམས་སུ་འཛིན་དགོས་ལ་ཕྲག་སྟེང་ན་ལྗིད་ཏིག་གེར་ཡོད་པའི་དེ་རིང་གི་འགན་འཁྲི་ལ་ངོ་གནོང་མི་དགོས་པ། སང་ཉིན་གྱི་བསྐྱར་དར་ཕུགས་འདུན་སྟོང་ཟད་དུ་མི་གཏོང་བར་ཀྲན་ཆི་གྲོང་རྡལ་གྱིས་གྲོང་གསེབ་དར་རྒྱས་ཀྱི་དཔྱིད་རླུང་དང་བསྟུན་ཏེ་སེམས་པ་དང་བསམ་པ་གཅིག་ཏུ་བསྒྲིལ་ནས་མཛེས་སྡུག་ཡིད་དུ་འོང་པའི་འཛུགས་སྐྲུན་གྱི་དར་ཆ་དགུང་དུ་འཕྱར་ནས་མདུན་དུ་བསྐྱོད་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1