༄༅།། བཏུང་བྱ་མངར་མོར་གནོད་པ་མང་པོ་ཡོད་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 02-02



        2022ལོའི་ཟླ་བདུན་པར། ཀྲུང་གོའི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲོའུ་ཡོན་ཀེང་སོགས་ཀྱིས《ཡོ་རོབ་ཀྱི་སྤྱི་པའི་བདེ་ཐང་དུས་དེབ》ཐོག་སྤེལ་བའི་ཞིབ་འཇུག་ལས་མངོན་པ་ལྟར་ན། 1990ལོ་ནས2019ལོའི་བར། རང་རྒྱལ་གྱི་གྲོང་མིས་མངར་ཆ་ལྡན་པའི་བཏུང་བྱ་མང་དུ་འཐུང་བའི་དབང་གིས་ཤི་བའི་མི་གྲངས་ཧ་ལམ་ལྡབ་གཅིག་འཕར་ཡོད་པ་དང་། མངར་ཆ་ལྡན་པའི་བཏུང་བྱ་འཐུང་དྲགས་པས་ཤི་ཚད35%མང་དུ་ཕྱིན་ཡོད་པ་རེད།

        གཞི་གྲངས་ལས་མངོན་པ་ལྟར་ན། 2019ལོར་རང་རྒྱལ་དུ་བཏུང་བྱ་མངར་མོའི་རིགས་འཐུང་ནས་ཤི་བའི་མི་གྲངས་ཁྲི4.66ཟིན་པ་དེ1990ལོ་དང་བསྡུར་ན95%ཇེ་མང་དུ་སོང་ཡོད། བཏུང་བྱ་མངར་མོ་འཐུང་བ་ལས་ཤི་བའི་སྐྱེས་པའི་གྲངས་ཀ་འདས་ཟིན་པའི་ལོ་སུམ་ཅུའི་ནང་ཤི་བའི་མི་གྲངས་འཕར་ཚད་གཉིས་ཀ་བུད་མེད་ལས་མང་བ་རེད།

        མངར་ཆ་འདུས་པའི་བཏུང་བྱ་མང་པོ་འཐུང་བས་སྙིང་གི་ཁྲག་རྩའི་ནད་རིགས་དང་གཅིན་སྙི་ཟ་ཁུའི་ནད་ཀྱིས་ཤི་བ་ཧ་ཅང་མངོན་གསལ་རེད།འདས་ཟིན་པའི་ལོ30ཡི་ནང་། ཁྲག་དཀོན་རང་བཞིན་གྱི་སྙིང་ནད་དང་གཅིན་སྙི་ཟ་ཁུའི་ནད་ཕོག་ནས་ཤི་བའི་མི་གྲངས་སོ་སོར95%དང94%འཕར་ཡོད།

        ཞིབ་འཇུག་མཁན་གྱིས་མངར་ཆའི་བཏུང་བྱ་མང་པོ་འཐུང་བ་དེ་ཉེན་ཁ་ཆེ་བའི་བྱ་སྤྱོད་ཅིག་ཡིན་ཞིང་། དེ་ནི་ཤ་རྒྱགས་དྲགས་པ་དང་། ཁྲག་ཤེད་མཐོ་བ། ཤ་དམར་པོ་ཟ་བ། ཆང་རག་འཐུང་བ། ཐ་མག་འཐེན་པ་སོགས་དང་འདྲ་བར་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ཡོངས་ཁྱབ་ཏུ་གྱུར་ཡོད་པར་བསྟན་འདུག

        མངར་ཟས་མང་པོ་ཟོས་ན་ལུས་པོ་ཧྲིལ་པོར་གནོད་པ་ཡོད།

གཅིག སྙིང་ལ་གནོད་པ།

        《འཚོ་བཅུད་རིག་པའི་དུས་དེབ》ཐོག་སྤེལ་བའི་ཞིབ་འཇུག་ཅིག་ཏུ་གསལ་བ་ལྟར་ན།བྱིས་པས་གཟའ་འཁོར་རེར་མངར་ཆ་ལྡན་པའི་བཏུང་བྱ་གཅིག་ཉུང་དུ་བཏང་ཚེ། སྙིང་གི་བདེ་ཐང་ཇེ་ལེགས་སུ་འགྲོ་ཐུབ་པ་དང་སླད་ཕྱིན་སྙིང་ནད་ཕོག་པའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ། བྱིས་པས་འཐུང་བའི་མངར་ཆ་འདུས་པའི་བཏུང་བྱའི་གྲངས་ཀ་ཇི་ལྟར་མང་ན་ཁོ་ཚོའི་ཁྲག་ནང་གི་ཀན་སྣུམ་སན་ཀྲི་འདུས་ཚད་དེ་ལྟར་ཇེ་མཐོར་འགྲོ་བཞིན་ཡོད།

གཉིས། ཕོ་བར་གནོད་པ།

        ཀྲུང་གོའི་ཀྲུང་ལུགས་གསོ་རིག་ཚན་རིག་ཁང་ཝང་ཅིང་སྨན་ཁང་གི་ཕོ་བའི་ནད་ཀྱི་ཚན་ཁག་གི་ཀྲུའུ་རེན་སྨན་པ་ཝུའེ་ཝུའེ་ཡིས2019ལོར་རྩོམ་ཡིག་སྤེལ་ནས་བསྟན་དོན། མངར་ཆ་མང་བའི་ཟས་རིགས་ཏེ་དཔེར་ན་ལྕོག་ལེ་དང་། སྒོ་ངའི་བག་ལེབ། བྱི་རིལ་སོགས་ཀྱིས་ཕོ་སྐྱུར་ཟགས་ཐོན་ཇེ་མང་དུ་འགྲོ་བ་དང་ཟས་སྦུག་གི་ཤ་གནད་ཀྱི་བྱེད་ནུས་ཇེ་ཞན་དུ་བཏང་ནས་མིད་པ་དང་སྡོམ་ཤ་ཇེ་ལྷོད་དུ་འགྲོ་བར་མ་ཟད། ཕོ་བའི་ཆུ་སྐྱུར་ལྡོག་བཞུར་དང་སྙིང་ན་བ་སོགས་མི་བདེ་བའི་ནད་རྟགས་ཐོན་སྲིད་པ་རེད།

གསུམ། མཆིན་པར་གནོད་པ།

        ཧྲན་ཞི་ཞིང་ཆེན་ཀྲུང་ལུགས་སྨན་ཁང་སྐྲན་ནད་ཚན་ཁག་གསུམ་པའི་སྨན་པ་ཕེ་ཡུན་ཧའོ་ཡིས2018ལོར་རྩོམ་ཡིག་སྤེལ་བའི་ནང་བསྟན་དོན། མངར་ཆ་མང་དྲགས་པའི་བཟའ་བཅའ་ཟོས་ན་མཆིན་པ་ཚིལ་འགྱུར་གྱི་ནད་འབྱུང་སླ་བར་མ་ཟད། ད་དུང་ཕོ་བའི་རྒྱུ་ལམ་གྱི་རྩབས་ཟགས་ཐོན་བྱེད་ཚད་ཇེ་མང་དུ་འགྲོ་བ་དང་། ཡི་ག་ཇེ་ཞན་དུ་འགྲོ་བ།ཕོ་བ་དང་རྒྱུ་མར་དབུགས་རྒྱས་ཏེ་ཆེ་རུ་འགྲོ་བཞིན་ཡོད། དེར་བརྟེན། དུས་རྒྱུན་དུ་ལྕོག་ལེ་དང་མངར་ཟས་སོགས་མངར་ཆ་མང་བའི་ཟས་རིགས་ཉུང་ཟ་བྱེད་དགོས།

བཞི། མཁལ་མར་གནོད་པ།

        ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་གསོ་རིག་སློབ་གླིང་གི་ཞོར་གཏོགས་མི་དམངས་སྨན་ཁང་དགུ་པའི་མཁལ་མའི་ཁོང་ནད་ཚན་ཁག་གི་སྨན་པ་གཙོ་བོ་ཀྲོའུ་ཡིའུ་ལིང་གིས2019ལོར་རྩོམ་ཡིག་སྤེལ་བའི་ནང་བསྟན་དོན། མངར་ཆ་མང་བའི་བཟའ་བཏུང་ལས་གཅིན་སྙི་ཟ་ཁུའི་ནད་སོགས་རྙིང་ཚབ་གསར་བྱེད་རང་བཞིན་གྱི་ནད་གཞི་ཐོན་ནས་གཅིན་སྙི་ཟ་ཁུའི་རང་བཞིན་གྱི་མཁལ་མའི་ནད་གཞི་འབྱུང་གིན་ཡོད།

ལྔ། སོ་ལ་གནོད་པ།

        པེ་ཅིན་སློབ་ཆེན་སྤྱི་པའི་འཕྲོད་བསྟེན་སློབ་གླིང་གི་འཚོ་བཅུད་དང་བཟའ་བཅའི་འཕྲོད་བསྟེན་ཚན་ཁག་གི་དགེ་རྒན་ཆེན་མོ་ཀོན་ཧྲེང་གིས2018ལོར་བདེ་ཐང་སྐབས་དོན་ཚགས་པར་དང་དུས་དེབ་ཐོག་རྩོམ་ཡིག་སྤེལ་བའི་ནང་བསྟན་དོན། མངར་ཆ་འདུས་པའི་བཏུང་བྱ་འཐུང་རྗེས་ཁའི་ནང་གི་ཕྲ་སྲིན་གྱིས་མངར་ཆ་དང་ཟས་རིགས་ཀྱི་སྙིགས་རོ་རྣམས་སོའི་འབུ་ཕྲར་བསྒྱུར་གྱིན་ཡོད་ལ། མངར་ཆ་འདུས་པའི་ཐཱན་སྐྱུར་བཏུང་ཆུར་སྐྱུར་ཚད་ངེས་ཅན་ཞིག་ཡོད་པས། དུས་ཡུན་རིང་བོར་འཐུང་ན་སྐྱུར་གྱིས་སོ་རུལ་བར་འགྱུར་སྲིད།

དྲུག མིག་ལ་གནོད་པ།

        ཀྲེ་ཅང་ཞིང་ཆེན་མིག་ནད་སྨན་ཁང་འོད་མཐོང་ནད་བརྟག་སྨན་བཅོས་ལྟེ་གནས་ཀྱི་གཙོ་བཅོས་སྨན་པ་ཁྲེན་སི་ཕིང་གིས2016ལོར་རྩོམ་ཡིག་སྤེལ་ནས་བསྟན་དོན། མངར་ཆ་མང་དྲགས་ན་རྒྱང་སྒྲིབ་མིག་ནད་ཕོག་ཚད་མང་དུ་འགྲོ་སྲིད་པའམ་ཡང་ན་ཉེ་སྒྲིབ་མིག་ནད་ཕོག་ཚད་མང་དུ་འགྲོ་སྲིད།

བདུན། པགས་པར་གནོད་པ།

        ཀྲེ་ཅང་ཞིང་ཆེན་ཐའེ་ཀྲོའུ་སྨན་ཁང་འཚོ་བཅུད་ཚན་ཁག་གི་ཀྲུའུ་རེན་སྨན་པ་ཧོ་ཞའོ་ཆིན་གྱིས2017ལོར་བདེ་ཐང་ཚགས་པར་ཐོག་བསྟན་དོན། མངར་ཟས་ཟ་རྒྱུ་མང་དྲགས་ན་མིའི་ལུས་པོའི་ནང་གི་གདོད་སྤྱིན་སྤྲི་དཀར་ཇེ་ཉུང་དུ་སོང་སྟེ་པགས་པའི་མཉེན་ཤུགས་ཞན་དུ་འགྲོ་བ་དང་ཐ་ན་གཉེར་མ་དང་ཁྲ་ཐིག་ཐོན་གྱིན་ཡོད། བྱེ་མ་ཀ་ར་སོགས་སྤུས་ལེགས་མངར་ཆས་ལྷག་པར་གནོད་པ་ཆེ།

བརྒྱད། རུས་པར་གནོད་པ།

        ཧོ་ནན་ཞིང་ཆེན་རུས་ནད་སྨན་ཁང་གི་ཀྲེང་ཀྲོའུ་གླིང་ཁུལ་རུས་སྙིའི་ཚན་ཁག་གི་ཀྲུའུ་རེན་སྨན་པ་ཡེ་ཅིན་གྱིས2018ལོར་རྩོམ་ཡིག་སྤེལ་བའི་ནང་བསྟན་དོན། དར་མ་དང་རྒན་རྒོན་ཁག་ཅིག་གི་འཚོ་བཅུད་གསབ་རྫས་ཁྲོད་རྒྱུན་དུ་མངར་ཆ་ཐོན་གྱིན་ཡོད། མངར་ཆ་སྤྱོད་ཚད་མང་དྲགས་ན་ཟས་རིགས་ཁྲོད་ཀྱི་ཀལ་རྫས་བསྡུ་ལེན་བྱེད་པར་ཤུགས་རྐྱེན་ཐེབས་ནས་རུས་པ་སོབ་པོར་འགྱུར་ཉེན་ཡོད།

(ཀྲུང་དབྱང་བོད་སྐད་རླུང་འཕྲིན་དྲ་བ་ལས་བདམས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1