༄༅། །གནས་མཆོག་ཁ་བ་དཀར་པོ།

དབང་ཆེན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-04


   གནས་མཆོག་ཁ་བ་དཀར་པོ་ནི། ད་ལྟའི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་དཀར་ཆེམ་གངས་རིའི་ནུབ་སྣེར་བརྗིད་ཆགས་ངང་ཡོད་པའི་ལྷ་སྲས་གངས་དཀར་ལྷུན་པོའི་རྩེ་མོར་ཀྲོང་ངེར་འགྱིངས་ཡོད་ཅིང་། དེ་ནི་བོད་ལྗོངས་དང་ཡུན་ནན་དབར་གྱི་ས་མཚམས་ཡིན། བོད་མི་རྣམས་ཀྱིས་དགྲ་ལྷ་བཅུ་གཉིས་ཞེས་བཀུར་བ་དེའི་གནས་མཆོག་ཏུ་གྱུར་གཤིས་དད་ལྡན་ཀུན་གྱི་མཆོད་ཡུལ་དུ་གྱུར་ཡོད་ལ། དེང་གི་དུས་སུ་བདེ་ཆེན་ས་ཁུལ་དུ་གྲགས་ཆེ་བའི་ལྗོངས་རྒྱུ་ལྟ་སྐོར་བྱ་ཡུལ་གཙོ་བོ་ཞིག་ཏུ་གྱུར།

     མཛེས་སྡུག་དཔལ་གྱིས་འཁྱུད་པའིགནས་མཆོག་ཁ་བ་དཀར་པོ་དེ་རྒྱ་མཚོའི་ངོས་ལས་རྨིད་དྲུག་སྟོང་བདུན་བརྒྱ་དང་བཞི་བཅུ་ཡིས་མཐོ་ཚད་ཡོད་པ་དང་། དེ་དང་ཉེ་བའི་ཁོར་ཡུག་རི་རྒྱུད་དུ་རྒྱ་མཚོའི་ངོས་ལས་རྨིད་ལྔ་སྟོང་ལྷག་གིས་མཐོ་བའི་གངས་རི་ལྔ་བཅུའི་ཕྲེང་བར་བསྟར། གངས་རིའི་རྒྱུད་དུ་སྤྱི་ལེ་གྲུ་བཞི་མ་དོན་གསུམ་ལྷག་རིང་བའི་མི་ལོང་འཁྱག་དང་། གསལ་བ་འཁྱག ཉིན་པོ་འཁྱག་ཅེས་ལུང་ཆེན་གསུམ་དུ་འབབ་པའི་དགུན་ཁར་ཁ་བ་རྒྱ་མཚོའི་ངོས་ལས་རྨིད་ཉིས་སྟོང་བརྒྱད་བརྒྱ་ཡིས་མཐོ་བའི་རི་སྐེད་མན་ཆགས་པ་དང་འཁྱག་རོམ་རྨིད་ཆིག་འབུམ་ཆིག་ཁྲི་མཆེད་པས་རྫ་ཆུ་འདྲེས་མ་ཆེས་དམའ་རོང་དུ་མི་ཞུ་བ་ཡ་མཚན་དུ་སྣང་། སྟོད་དུ་ཁ་བའི་རྡུལ་གྱིས་བརྩེགས་པའི་རབ་དཀར་གངས་རིའི་ལྷུན་པོ་མཁའ་ལ་བསྙེགས་ཤིང་འོད་དུ་མཚེར་བའི་བརྗིད་ཉམས་སུ་འགྱིང་ངེར་གནས་ཤིང་། དབྱར་དུས་རི་སྐེད་ཆུ་འཛིན་དང་སྨུག་རླངས་བསྣོལ་མའི་མཁའ་དབུགས་ཉི་ཟེར་དང་འགྲོགས་པའི་ཟ་འོག་ཁ་ཕྱེས་པ་ལྟ་བུའི་དབང་པོའི་གཞུ་ཡི་བཀྲག་མདངས་འཚེར་ཞིང་། རི་བོའི་ལྗོངས་སུ་སྔོ་ལྗང་གཡུ་ལོ་མརྒད་ཀྱི་རང་མདངས་སུ་མངོན་པའི་ཡུལ་ལྗོངས་ལ་མཛེས་སྡུག་བསམ་གྱིས་མི་ཁྱབ་པའི་གངས་རི་དང་ཆབ་རོམ། ནགས་ཚལ། རྦབ་ཆུ། མཚེའུ་དང་ཆུ་ཚན་སོགས་མཉམ་འདྲེས་གཅིག་གྱུར་གྱི་རང་བྱུང་ཡུལ་ལྗོངས་མིག་གི་དགའ་སྟོན་དུ་ལྷག་ཅིང་། གངས་འཁྱགས་བཞུ་བའི་ཆུ་ཕྲན་གཅིག་ཏུ་འདུས་ཤིང་རླབས་ཕྲེང་འཐོར་བའི་ཟེགས་མ་མུ་ཏིག་གི་དོག་པ་ལྟར་དྲག་ཞུམ་སྤེལ་མའི་རྣམ་པས་ལང་ལིང་དུ་གཡོ་བ། རྟ་མཆོག་སྲབ་མེད་གཅིག་དང་མཚུངས་ཤིང་བར་མེད་དུ་རྒྱུ་བས་མཛེས་སྡུག་འདྲེན་བྱེད་ཟུང་གི་དགའ་སྟོན་གྱི་དཔལ་དུ་གྱུར། ཕྱོགས་བཞིའི་ངོས་ནས་ལྗོན་ཤིང་གཡུ་ཡི་ལོ་འདབ་ཀྱི་ཡལ་ག་དུད་པའི་ཁྲོད་ནས་དྲི་ངད་ལྡན་ཞིང་སུར་དཀར་བ་ལུའི་དངུལ་གྱི་མེ་ཏོག་བཞད་པའི་ཟླ་ལ། སུར་ནག་གསེར་གྱི་པད་ཁའི་སྤོས་དྲི་ཁོར་ཡུག་ཀུན་ཏུ་ཁྱབ་པ། སྔོ་བསངས་ལྷ་ཤིང་ཤུག་པའི་ཡལ་གའི་རྩེ་ནས་མགྲིན་བཟང་དཔྱིད་ཀྱི་ཕོ་ཉ་སྦྲང་ཆར་གྱིས་མྱོས་པའི་ཀུ་ཧུའི་དབྱངས་སུ་གྱེར་བས་སྐྱེ་དངོས་རྩི་ཤིང་སོགས་ལ་ཚེ་སྲོག་གི་གསོན་ཤུགས་སྟེར་བ། བདག་པོས་ཡོངས་སུ་མ་བཟུང་བའི་རང་བྱུང་སྐྱེ་དངོས་རྩི་བཅུད་ལ་ལོངས་སུ་སྤྱོད་པའི་རི་སྐྱེས་སྲོག་ཆགས་ཀྱི་རིགས་གྲངས་མེད་ཅིང་། ཤ་གནའ་རྒོ་གསུམ་སོགས་ཕན་ཚུན་རྩེ་དགའི་རྭ་རྩེད་ངོམ་བཞིན་འཚེ་མེད་བག་ཡངས་སུ་རང་དགར་རྒྱུ་བ། སྟག་གཟིག་དོམ་དྲེད་སོགས་གཅན་གཟན་གྱི་རིགས་སྣ་ཚོགས་ཕན་ཚུན་ངར་སྒྲ་སྒྲོགས་བཞིན་མཆོངས་ལྡིང་བྱེད་པ།  སྤྲ་དང་སྤྲེའུ་རིགས་སོགས་ལྗོན་ཤིང་གི་རྩེ་ནས་འཁྱུད་ཅིང་འཁྱུག་བཞིན་རྩེ་དགའ་ལ་རོལ་བ། མཁའ་དབྱིངས་སུ་ཁྲི་གདུགས་ཉི་མའི་གཟི་འོད་ཀྱི་བཀྲག་མདངས་འཚེར་ཞིང་ལྷག་པར་བརྗིད་ཉམས་ལྡན་པའི་རང་འོད་ནོར་འཛིན་ཐ་གྲུ་ཀུན་ཏུ་ལྷམ་མེར་གསལ་བ། ལྟ་བས་ཆོག་མི་ཤེས་པའི་གངས་རིའི་མཛེས་སྡུག་མངོན་པར་མཐོ་ཞིང་། གངས་འཁྱགས་ཤེལ་དཀར་སྤུངས་བའི་མཆོད་རྟེན་གྱི་དབྱིབས་སུ་ཐོན་པའི་རི་རྒྱུད་རང་བྱུང་དུ་གྲུབ་པ། བོད་པ་རྣམས་ཀྱིས་གནས་མཆོག་ཁ་བ་དཀར་པོ་ཞེས་པའི་གནས་རི་འདི་ལ་དད་འདུན་གྱི་བསངས་མཆོད་དང་། རི་ཀླུང་ཀུན་ཏུ་དྲི་བཞོན་དང་འགྲོགས་པའི་རླུང་རྟ་དང་མེ་ཏོག་སྣ་ཚོགས་བར་མེད་དུ་འཐོར་བཞིན་གནས།  གངས་རིའི་འདབས་ཀྱི་འགྲམ་ངོགས་སུ་སྤང་ལྗོངས་གཡུ་ཡི་མནྜལ་མེ་ཏོག་གིས་ཚོམ་བུའི་བཀྲ་ཞིང་དྭངས་གསལ་མེ་ལོང་གཙང་མའི་མདངས་ལ་འཁུ་བའི་མཚོ་དང་མཚེའུ་ལ། གསེར་གྱི་ངང་པ་དང་དངུལ་གྱི་ངུར་པ་དུང་གི་ཁྲུང་ཁྲུང་སོགས་རིན་ཆེན་སྲོག་ཆགས་མང་པོའི་མགྲིན་པའི་རྫ་རྔ་ཁྲོལ་བའི་དབྱངས་ཀྱིས་སྐྱེ་འགྲོའི་ཐོས་འཛིན་དུ་བདུད་རྩིའི་གསོས་སུ་འདེབས་པ།   ལོ་ལྟར་སྟོན་ཁར་ཁྲུང་ཁྲུང་ལྷོ་ཕྱོགས་སུ་གཞུད་བའི་དུས་དེར་གནའ་ནས་ད་བར་བོད་ལྗོངས་དང་། སི་ཁྲོན། མཚོ་སྔོན། ཀན་སུའུ་བཅས་ཐག་རིང་ནས་ཡོང་བའི་ཡུལ་སྐོར་བ་རྣམས་ཀྱིས་དཀའ་ཚེགས་ལ་མ་འཛེམས་པར་གནས་རི་འདིའི་མཐའ་འཁོར་དུ་ལྷ་རིར་བསང་མཆོད་སོགས་འབུལ་བཞིན་དད་པའི་ཕྱག་པད་སྙིང་གར་ཟུམ་པའི་གསོལ་འདེབས་དང་།  གཞིས་བྱེས་མི་ནོར་ཀུན་གྱི་ཚེ་སྲོག་ལ་བར་ཆད་ཞི་ཕྱིར་རླུང་རྟའི་རྒྱལ་མཚན་སྒྲེང་ཞིང་ཤུག་པའི་དྲི་བསུང་བདུག་ནས་གནས་རི་འདི་ལ་རིམ་གྲོ་བསང་མཆོད་འབུལ་བའི་གོམས་སྲོལ་རྒྱུན་འཇགས་སུ་གནང་བཞིན་ཡོད། །  །

 


རྩོམ་ཡིག་སྔོན་མ།
༄༅། །དགུ་ཆུ།
རྩོམ་ཡིག་རྗེས་མ།
༄༅། །དཔལ་རི་རྩེ་དགུ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1