༄༅།།ཀརྨ་པ་སྐུ་ཕྲེང་རིམ་བྱོན་རྣམས་སྡེ་དགེ་དང་གླིང་ཚང་བར་འབྲེལ་བ་ཇི་ལྟར་བྱུང་བའི་སྐོར།

དབང་ཆེན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-08


   ཀརྨ་པ་སྐུ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོ་ནི། སྤྱི་ལོ་༡༤༥༤ལོའི་ཤིང་ཕོ་ཁྱིའི་ལོ་སྟེ་ཧོར་ཟླ་དང་པོའི་ཚེས་བཅོ་ལྔའི་ཉིན་བར་ཁམས་རྔོད་ཀྱི་སྤྱི་མདའ་ཞེས་པ་དེར་སྐུ་བལྟམས།   སྤྱི་ལོ༡༥༠༦ལོར་ཀོང་པོ་རུ་སྐུ་གཤེགས་སོང་བ་གྲགས།  ཁམས་ཕྱོགས་སུ་སྡེ་དགེ་དང་གླིང་ཚང་བར་འབྲེལ་བ་ཇི་ལྟར་བྱུང་བ་ནི།  སྡེ་དགེའི་གླིང་ཚང་མངའ་འོག་གི་ཡུལ་མི་རྡ་ལྷུང་སི་ཏུ་བུ་ཞེས་བྱ་བ་དང་།  ལམ་འབོད་འགོ་བློན་ཞེས་པའི་སྐད་གྲགས་ཆེ་ཤོས་ཀྱི་ཁྱིམ་བརྒྱུད་མི་སྣ་གཉིས་ཕན་ཚུན་ཤག་ཉེ་དུ་སོང་གཤིས་རྗེས་སུ་རྡ་ལྷུང་སི་ཏུའི་བུ་མོ་ཞིག་ལམ་འབོད་འགོ་བློན་དང་གཉེན་བསྒྲིགས་བྱས་ཏེ་ཡུན་རིང་མ་འགོར་བར་བུ་མོ་ཕྱིར་ལོག་ནས་ལམ་འབོད་མགོ་བློན་གྱིས་རྡ་ལྷུང་སི་ཏུའི་ཁྱིམ་བརྒྱུད་ཀྱི་ནང་མི་གྲགས་ཤོས་ཤིག་ལག་འོག་ཏུ་གྲོངས་ཏེ་མི་ཤ་མོ་གྱོད་གཉིས་ཀྱི་བརྩོད་གླེང་བྱུང་སྐད།   སྡེ་དགེའི་གླིང་ཚང་དཔོན་ལ་ཁྲིམས་རར་གཏུགས་བཤེར་བྱས་ཏེ་གླིང་ཚང་དཔོན་གྱིས་ལམ་འབོད་འགོ་བློན་གྱི་ཞིང་ཆུས་ལེ་ཐང་དཀར་མོའི་རྡ་ལྷུང་སི་ཏུ་ལ་གྱོད་འཇལ་འབུལ་ཞུས་དགོས་པའི་ཁྲིམས་ཐག་བཅད།   སྐབས་དེར་ཀརྨ་པ་སྐུ་ཕྲེང་བདུན་པ་རྗེ་ཆོས་གྲགས་རྒྱ་མཚོ་མཆོག་སྡེ་དགེའི་འགོ་གཟི་གོ་ཆོས་ཁྲི་ཐང་ཞེས་པའི་ས་གནས་དེར་ཞབས་སོར་བཀོད་པར་དང་བསྟུན།   རྡ་ལྷུང་སི་ཏུའི་མཇལ་ཞུས་བྱས་ཏེ་མི་ཤ་མོ་གྱོད་ཀྱི་རིན་བླངས་པའི་ཞིང་ལེ་ཐང་དཀར་མོ་དེ་ཕུལ་བས།  རྗེ་ཆོས་གྲགས་རྒྱ་མཚོ་མཆོག་གིས་ལེགས་ལམ་རྟེན་འབྲེལ་བཟང་པོ་འགྲིགས་པའི་རྟགས་སུ་བསྔགས་བརྗོད་མཛད་པར་མ་ཟད་ས་གནས་དེར་རི་ཁྲོད་དགོན་ཆུང་ཞིག་ཀྱང་བཞེངས་པའི་ཞལ་བཞེས་མཛད་པ་དང་།  རྡ་ལྷུང་སི་ཏུ་བུ་ལ་དེ་ཉིན་ཉིན་གཅིག་གི་འབུལ་བ་གང་བྱུང་རྣམས་ཕྱོགས་གཅིག་ཏུ་བསྡམས་ནས་ལེགས་སྐྱེས་སུ་གསོལ་རས་གནང་སྐབས་དཔལ་འབྱོར་གཞན་མ་བགྲང་བར་འབྲི་མ་བརྒྱ་བྱུང་བ་གཅིག་ཀྱང་མ་ལུས་པར་བྱིན་པས།   ཡུལ་ཕྱོགས་དེས་ཞིང་ལེ་ཐང་དཀར་མོ་འབྲི་བརྒྱ་མ་ཞེས་མིང་དུ་འབོད་པ་བྱུང་བར་གྲགས།  ཐུབ་བསྟན་རྣམ་རྒྱལ་གླིང་དེ་བོད་རབ་བྱུང་བརྒྱད་པའི་ཤིང་ཕོ་ཁྱི་སྟེ་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་ནང་ཀརྨ་པ་སྐུ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོའི་ཕྱག་བཏབས་པའི་དགོན་སྡེ་ཞིག་ཡིན་ལ།  དེ་ནས་ས་གནས་དེའི་ལ་གཉིས་བར།  ལོང་ཤ་ཞེས་པའི་ས་ཆ་དེར་དགོན་ས་འདེབས་པའི་སྟ་གོན་གྱི་ས་འདུལ་མཛད་སྐབས་རྗེ་དེ་ཉིད་ཀྱིས་ཕྱག་ནས་གཏོར་བ་རྣམས་འབྲི་ཆུ་ཕ་རིའི་སའི་ཆར་ཁྲ་མ་ས་ཞེས་པའི་གནས་དེར་འཐོར་ཡོད་པར་མངོན་སུམ་མཐོང་སྣང་དུ་གྱུར།   ཕྱག་ནས་གང་འཐོར་སར་དགོན་མ་བུ་བཞི་བཞེངས་ཡོད་པའི་ནང་ད་ལྟའི་ཐུབ་བསྟན་རྣམ་རྒྱལ་གླིང་འདིར་ཀཾ་ཚང་བཀའ་བརྒྱུད་ཀྱི་གྲུབ་མཐའི་ཆོས་བརྒྱུད་འཛིན་པའི་དགོན་སྡེ་ཞིག་ཡིན།   དགོན་པ་འདིར་ཡང་གྲགས་སུ་ཐུབ་བསྟན་བཀྲ་ཤིས་རྣམ་རྒྱལ་གླིང་ཞེས་མཚན་གསོལ་གནང་བར་གྲགས། གནའ་བོའི་ལོ་རྒྱུས་ལྟར་ན་སྒ་འདན་སྐྱུར་གསུམ་ཞེས་བགྲང་བའི་ནང་འདན་ཁོག་གི་སའི་ཁོངས་གཏོགས་གླིང་འགོ་ཟི་ཞེས་པའི་གནས་ད་ལྟའི་འབའ་དགའ་ཤང་དུ་ཆགས་ཡོད།   སྤྱིར་ཀརྨ་པ་ཆོས་གྲགས་རྒྱ་མཚོས་བཞེངས་པ་ཡིན་ནའང་སྐབས་དེར་གླིང་ཚང་གི་མངའ་འོག་ཏུ་ཡོད་སྟབས་དགོན་སྡེ་གཉིས་ཀྱི་བདག་པོ་གླིང་ཚང་གི་མངའ་དབང་བསྒྱུར་བར་བྱེད་པའི་གོ་ཐོབ་བཟུང་ཡོད་པར་འོག་ནས་གསལ་པོ་མཐོང་ཐུབ།  སྤྱི་ལོ་༡༤༧༧ལོར་ཀརྨ་པ་སྐུ་ཕྲེང་བརྒྱད་པ་རྗེ་མི་སྐྱོད་རྡོ་རྗེ་གདན་ས་དེར་ཞབས་སོར་བཀོད་ནས་བླ་བྲང་དང་གཙུག་ལག་ཁང་སོགས་རི་གླིང་གཉིས་ཀྱི་གྲྭ་ཁང་རྣམས་གསར་དུ་བཞེངས་བསྐྲུན་མཛད།  གླིང་ཚང་སངས་རྒྱས་རྒྱལ་མཚན་གྱིས་ཚའུ་གཉིས་དགོན་པའི་ཚོགས་གྲྭར་ཕུལ་ནས་སྦྱིན་བདག་གཙོ་བོར་མཛད་དེ།   ལམ་འགོ་འགོ་བློན་བེ་རི་གཙང་རོང་གཉིས་མཆོད་ཡོན་དུ་ས་ཞིང་སྡེ་བཅས་མཆོད་གཞིས་སུ་རྣམ་རྒྱལ་དགོན་པར་ཕུལ་བར་གྲགས།  དེས་མ་ཚད་རྗེ་ཆོས་གྲགས་རྒྱ་མཚོའི་སྐབས་རྡ་ལྷུང་སི་ཏུའི་ཕུལ་བའི་ཞིང་ལེ་ཐང་དཀར་མོ་འབྲི་བརྒྱ་མ་དེ་གྲྭ་བརྒྱད་ཅུ་ལ་བགོས་ནས་གྲྭ་སའི་ཚེས་དུས་མཆོད་ཚོགས་བརྟེན་དང་།  གྲྭ་ཞིང་བརྒྱད་ཅུ་དང་ཞིང་རེར་ཐོག་ཞོ་གཉིས་རེ་བསྡུས་པས་གྲྭ་ཐོག་ཟེར་བའི་སྲོལ་བཙུགས། སྐབས་དེར་ཀརྨ་པ་མི་སྐྱོད་རྡོ་རྗེའི་མ་འོངས་པའི་གདུལ་བྱ་རྣམས་ལ་དད་བརྟེན་དུ་རྡོ་ལ་ཞབས་རྗེས་བཞག་པ་སོགས་གྲུབ་རྟགས་མང་པོ་སྟོན་པ་དེང་སང་ཡང་མཇལ་རྒྱུ་ཡོད་པར་གྲགས།   དེ་ནས་རྗེ་དེ་ཉིད་ཀྱི་གདུལ་བྱའི་འགྲོ་དོན་ལ་དགོངས་ནས་དབུས་ཕྱོགས་སུ་འབྱོན་ཁར་གདན་ས་དེར་ཆོས་རྗེ་ཀརྨ་དམ་ཆོས་བསྟན་བདག་ཏུ་བསྐོས་ནས་དགོན་པ་དར་རྒྱས་ཆེན་པོ་བྱུང་བ་དང་།   ཆོས་རྗེ་ཀརྨ་དམ་ཆོས་ཀྱང་རིང་པོ་མ་ལོན་པར་གཡེར་པའི་གདན་སར་དྲུང་རམས་པའི་མཚན་བཞེས་སུ་བསྐོ་བཞག་གནང་།  དེ་ནས་རྣམ་རྒྱལ་གླིང་གི་བསྟན་པའི་མངའ་བདག་རྗེ་ཀརྨ་པ་སྐུ་ཕྲེང་དགུ་པ་རྗེ་དབང་ཕྱུག་རྡོ་རྗེའི་གདན་སའི་མཐིལ་སྐྱོང་བར་མཛད་དེ་བསྟན་པ་ཉིན་མོའི་སྣང་བ་བཞིན་སྤེལ་བར་མ་ཟད།   སྐབས་དེར་སྡེ་དགེ་ཚང་དང་གླིང་ཚང་གཉིས་ཀའི་དབུ་བླར་བཀུར་ནས་བསྟན་པའི་ཞབས་ཏོག་ཕུལ་བ་བཞེད་ལ།  རྗེས་སུ་སྡེ་དགེ་ཚང་དང་གླིང་ཚང་ཞང་དབོན་བར་ནང་མ་མཐུན་ནས་སྣང་བ་དགྲ་ལངས་ཀྱི་ཞེ་འཁོན་བྱུང་བས་དམག་འཁྲུགས་ཀྱི་རྨེ་འཛིན་བྱས་པར་རྒྱུད།  སྡེ་གླིང་གཉིས་ཀྱི་བར་ཁྲག་ཟངས་འོ་མའི་རྒྱ་མཚོ་བསྒྱུར་བའི་དཔེ་ལྟར་རྗེ་འདི་ཉིད་ཀྱིས་འཁོན་བསྡུམ་མཛའ་བཅུག་གི་གྲོགས་སུ་བཀུག  ལྷག་པར་དུ་སྡེ་དགེའི་དཔོན་དང་ཐུགས་མཐུན་ཁྲིམས་གཙང་སོགས་མཆོད་ཡོན་གྱི་དམ་ཚིག་འོ་ཆུ་གཅིག་འདྲེས་ལྟ་བུར་གྱུར།   དེར་བརྟེན་རྣམ་རྒྱལ་གླིང་ཕྱི་ནང་གསང་གསུམ་གྱི་མ་འོངས་པར་ལེགས་ཉེས་ཅི་འབྱུང་རུང་བསྟན་དོན་སྡེ་དགེའི་ཕྱག་ཏུ་ཐོག་མར་བཞག་པར་གྲགས།   དེ་ནས་སྤྱི་ལོ༡༦༠༣ལོར་རྗེ་དབང་ཕྱུག་རྡོ་རྗེ་ཡང་འདུ་གནས་དེར་སྐུ་གཤེགས་ནས་གདུང་རྟེན་རྣམ་རྒྱལ་གླིང་དུ་བཞེངས།  དེ་ནས་གདན་སའི་སྐུ་ཚབ་ཆོས་རྗེ་ཀརྨ་ཆོས་སྐུ་ཕེབས་ནས་སྔར་ལྟར་བཀའ་བསྟན་འཛིན་སྐྱོང་སྤེལ་གསུམ་མཛད་ཕྲིན་ཡར་ཟླའི་དཔལ་ལ་བསྙེགས།  དེ་ནས་སྤྱི་ལོ་༡༦༠༤ལོར་ཀརྨ་པ་སྐུ་ཕྲེང་བཅུ་པ་རྗེ་ཆོས་དབྱིངས་རྡོ་རྗེ་འགོ་ལོག་ཏུ་སྐུ་བལྟམས་པ་དང་། བོད་རབ་བྱུང་བཅུ་པ་ཤིང་མོ་ཡོས་ཏེ་སྤྱི་ལོ་༡༦༡༥ལོར་གདན་ས་མཚུར་ཕུ་དུ་གདན་དྲངས་པའི་ལམ་བར་དང་ཁེལ་ནས་རྣམ་རྒྱལ་གླིང་དུ་མཇལ་ཞུས་བྱས་ཀྱང་དཔོན་སློབ་དང་གྲྭ་ཚངས་མང་སྟབས་ཕྱེད་ཙམ་མ་གཏོགས་ཁག་ཅིག་གདན་ཞུ་མ་ཐུབ་བར་གྲགས། སྤྱི་ལོ་༡༦༥༠ལོ་ཡས་མས་སུ་མདོ་ཁམས་སུ་ཀཾ་ཚངས་བསྟན་པ་ཉམ་ཆགས་བྱུང་སྐབས་ཀརྨ་པ་སྐུ་ཕྲེང་བཅུ་པ་ཆོས་དབྱིངས་རྡོ་རྗེའི་སྡེ་དགེའི་རྒྱལ་རབས་བཅུ་པ་ཁྲི་རབས་བཞི་པ་ཁྲི་ཆེན་སངས་རྒྱས་བསྟན་པའི་མདུན་དུ་གསེར་སྐུ་དྲེལ་རྒྱབ་གཅིག་བསྐུར་ནས་ཁྱེད་ཀྱི་རྣམ་རྒྱལ་གླིང་གཙོའི་བཀའ་དགོན་རྣམས་ཀྱི་སྐྱིད་སྡུག་ལ་ཐུགས་རྗེ་གཟིགས་པར་ཞུ་ཞེས་ཐུགས་རྒྱུད་བསྐུལ་བའི་གཏམ་དུ་སྣང་ངོ་།  སྐབས་དེར་ཁམས་སྡེ་དགེའི་མངའ་ཁོངས་སུ་སྤྱིར་རྒྱལ་བའི་བསྟན་པ་དང་། བྱེ་བྲག་ཏུ་ཆོས་བརྒྱུད་ཁག་གི་བསྟན་པ་འཕེལ་འགྲིབ་ཅི་རིགས་བྱུང་བས།  རྣམ་རྒྱལ་གླིང་ཡང་སྐྱིད་སྡུག་གཅིག་གི་ལམ་དུ་གཤེགས་དགོས་བྱུང་བ་ནི་ཆོས་ཉིད་ཡིན་ལ།   ཀརྨ་པ་སྐུ་ཕྲེང་བདུན་པ་ནས་བཅུ་པའི་བར་གདན་སའི་མཐིལ་མཛད་སྐབས་སྦྱིན་པའི་བདག་པོ་དཔལ་ལྡན་ཞེས་པ་དེས་རྟེན་འབུལ་དང་ས་ཞིང་ཕྲན་བུ་ཡོད་པར་དེ་དག་རྣམ་རྒྱལ་གླིང་གི་མཆོད་གཞིས་སོ་སོ་ལ་ཆེད་བགོས་འོག་ཐོག་འཇལ་བྱས་པ་དེ་ལ་ཟུར་ཐོག་ཅེས་འབོད་པར་གྲགས།   དེ་ནས་སྤྱི་ལོ་༡༦༥༩ཡས་མས་སུ་རྗེ་ཀརྨ་ཆོས་སྐུ་ཡང་སྐུ་གཤེགས་ནས་རྣམ་རྒྱལ་གླིང་དགོན་པ་དེ་ལོང་བ་ཐང་སྟོང་དུ་ལུས་པ་ལྟར་གྱུར་པའི་སྐབས་དེར་སྡེ་དགེའི་ཐུགས་དགོངས་མ་ལྷོད་ཀྱང་།  རྣམ་རྒྱལ་གླིང་གི་མི་ཐབས་ཞན་པའི་སྟབས་ཀྱིས་སྡེ་དགེའི་བླ་དཔོན་རྣམས་ལ་ཞུ་སྤོབས་མ་བྱུང་བར་རང་བཞིན་ཉམ་འོག་ཏུ་ལུས་སོང་བ་དང་།   སྐབས་དེར་རྣམ་རྒྱལ་གླིང་གི་ཚེས་དུས་མཆོད་ཀྱི་སྤྱི་པ་ཨ་དར་ཆོས་དབང་ལྷུན་གྲུབ་ཞེས་པ་དེ་ཡིན་ཡང་།  དགོན་གསར་དགེ་ཚུལ་མ་དང་ཁོང་གཉིས་འཁོར་བའི་ཆོས་ལ་ཞེན་པ་ལོག་ནས་གནས་ཆེན་ཁག་ལ་མཇལ་བསྐོར་འགྲོ་སྙམ་པ་དེ་གླིང་ཚང་དཔོན་མགོན་པོ་དོན་གྲུབ་ཀྱིས་ཐོས་ནས། དོན་མེད་གསོ་འདོད་བཤད་ཚུལ་གྱིས།   ལོ་ལྟར་ཚོགས་བཙུགས་སྒོ་དང་དུས་མཆོད་བཅོ་བརྒྱད་ཀྱི་བརྟེན་གྲྭ་ཐོག་གཉིས་ཀྱི་ནས་ཁལ་ཉིས་བརྒྱ་ལྷག་ཙམ་དང་།  དངོས་ཡོད་དགོན་པའི་འབྲུ་མཛོད་ཁང་དུ་ནས་རྒྱ་ཁྲི་ཚད་ལྷག་ཅན་དང་། བླ་བྲང་གཟིམས་ཁང་བཅས་རོ་བདག་མེད་ཁྱིས་འདོད་ཟོས་ལྟ་བུ་དོན་མེད་བནྡེ་ཇོ་མོ་གཉིས་ཀྱི་གྱོད་དོན་ལ་ཁག་དཀྲིས་ནས་རྣམ་རྒྱལ་གླིང་གི་བརྟེན་རྟེན་པ་བཅས་གཙང་བཞེས་བྱས། རྣམ་རྒྱལ་གླིང་གི་བླ་བྲང་ནང་དུ་གླིང་ཚང་དྲུང་རྒན་ཞུ་བ་དེ་བཞུགས་ནས་བདག་པོར་མཛད།  དྲུང་པ་རྒན་པོ་འདས་ཤུལ་ལ་དྲུང་པ་བསྟན་འཛིན་བཟང་པོ་བཞུགས། རྗེས་དཔག་ལྟར་ན་སྤྱི་ལོ་༡༧༠༢ཡས་མས་སུ་གླིང་མགོན་པོ་ལྷུན་གྲུབ་ལ་སྡེ་བཟའ་ལྷ་ལུ་བསུས་ནས་སྲས་བིང་ཐི་ནོ་ཡོན་དང་། སི་ཏུ་སྐུ་ཕྲེང་དྲུག་པ་ཕྲིན་ལས་རབ་བརྟན་འཇང་ནས་སྐུ་གཤེགས་པའི་ཡང་སྲིད་སྤྲུལ་པའི་སྐུ་ཀརྨ་པ་སྐུ་ཕྲེང་བཅུ་གཅིག་པའི་ཡང་སྲིད་ཡིན་པར་རྗེ་ཡེ་ཤེས་རྡོ་རྗེས་ངོས་འཛིན་མཛད།   སི་ཏུ་སྐུ་གོང་མའི་སྐུ་གསུང་ཐུགས་རྟེན་སོགས་དང་ཕྱག་ཐམ་རྣམས་ཕུལ། མཚན་ལ་ཀརྨ་ལེགས་བཤད་ཆོས་ཀྱི་ཉི་མ་ཞེས་སི་ཏུ་སྐུ་ཕྲེང་བདུན་པའི་མཚན་གསོལ་མཛད་པར་གྲགས།  ཚེ་བྷྲུཾ་བླ་རྒན་ཕེབས་ནས་རྒྱུ་མཚན་ཞུས་ནའང་སྐབས་དེར་བཀའ་བརྒྱུད་པའི་བསྟན་པ་ཅུང་ཉམས་འོག་ཏུ་འགྲོ་བའི་དུས་དང་ཁེལ་ནས་གླིང་གི་འགོ་ཟིའི་མཁན་པོ་དྲུང་པ་བསྟན་འཛིན་བཟང་པོའི་སྐུ་ངོར་ཞུ་བར་ཕུལ་དགོས་པ་ལས་ཐབས་གཞན་མེད།  ཚེ་བྷྲུཾ་བླ་རྒན་གྱིས་ཞུ་བསམ་པའི་དོན་གསལ་པོར་མི་འདུག་ཀྱང་དོན་དུ་གླིང་ཚང་གི་ཀརྨ་པའི་མཚན་ཐོག་ནས་བཀའ་བརྒྱུད་སྤྱིའི་བསྟན་ཇུས་དང་རྣམ་གླིང་དགོན་པར་དབང་བསྒྱུར་བྱེད་པའི་ངན་ཤོམ་ལ་དོགས་གཞི་དེ་ཡིན་པར་གསལ་པོར་ཤེས་ཐུབ།   སྤྲུལ་སྐུ་ཉིད་ཀྱིས་ཞལ་ནས་ཀྱང་དྲུང་པ་བསྟན་འཛིན་བཟང་པོ་གཙོའི་གླིང་ཚང་དཔོན་གཉིས་ལ་ངའི་བླ་མ་རྗེ་ཡེ་ཤེས་རྡོ་རྗེས་དོན་དག་རྣམས་ཁྱེད་ཚོ་ལ་བཤད་ཡོད་པར་རྣམས་ཁྱེད་ཀྱིས་རྩིས་སྤྲོད་མ་བྱས་ཀྱང་།   ཁོང་གིས་བླ་མ་ཡི་དམ་ཆོས་སྐྱོང་སྲུང་མ་རྣམས་ལ་འཕྲིན་བཅོལ་མཛད་ནས་ཁྱེད་ཚོས་ཁོང་ལ་བདག་འཛིན་བྱེད་རྒྱུ་ཨེ་འདུག་ལྟ་ཞེས་ཐུགས་ཁྲོས་པའི་ངང་སྡིག་མོར་བྱས་པའི་ཚུལ་མཛད། དྲུང་པ་ཏིང་འཛིན་བཟང་པོ་དེ་སྐབས་འགར་རྣམ་གླིང་དགོན་དུ་བཞུགས།  སྐབས་རེར་གླིང་ཚང་གི་སྐུ་ངོ་དང་ཕྱག་ཕྱི་སོགས་ཀྱིས་མཉམ་དུ་སྤྲུལ་སྐུ་དབང་བསྒྱུར་བྱས་ནས་རྣམ་གླིང་སྡེ་དགོན་གཉིས་ལ་ཕན་ཐོགས་ཆེར་མ་བྱུང་པ་དང་།   དེ་ནས་དགུང་ལོ་བཅོ་བརྒྱད་བཞེངས་སྐབས་སྐུ་ཚེ་མཐར་མ་འཁྱོལ་བར་གཤེགས་སོང་བར་གྲགས་སོ།།  སི་ཏུ་ཀརྨ་ལེགས་བཤད་ཆོས་ཀྱི་ཉི་མ་དེ་གལ་སྲིད་གླིང་ཚང་གི་བདག་པོ་མ་རྒྱག་པར་བཀའ་བརྒྱུད་པའི་བསྟན་དོན་དུ་ཁྲི་འདོན་བྱེད་ཐུབ་ཡོད་ན་ཀརྨ་ལྷ་སྟེང་མཆོད་གཞིས་དང་བཅས་པ་རྣམ་གླིང་པས་མི་ལག་ཤོར་བར་མི་འགྱུར་བ་མ་ཟད་གནོད་ཚབ་ཆེན་པོ་བྱུང་ཡོད་པར་ཕར་ཞོགས་བསྟན་པ་སྤྱི་ལ་ཕན་ཐོགས་བྱུང་ཡོད་པར་སྨོས་མེད་རེད།  དེ་ནས་ཚེ་བྷྲུཾ་བླ་མས་ཐབས་ཤེས་གཉིས་ཀྱི་སྒོ་ནས་སྔར་སྤྲུལ་སྐུ་ལ་ཕུལ་བའི་སྐུ་གསུང་ཐུགས་རྟེན་དང་ཕྱག་དམ་རྣམས་གླིང་ཚང་ནས་ཕྱིར་བླངས་ནས་ཀརྨ་པའི་ཕྱག་ཏུ་ཕུལ།  དེ་ནས་བཟུང་གླིང་ཚང་གི་བདག་གཞན་བསྟན་སྲིད་གཉིས་ཕུང་གི་ལས་ཀྱི་ནུས་པ་ཤོར་ནས་ཇེ་ཞན་དུ་སོང་བར་གྲགས།   སྐབས་དེར་གླིང་ཚང་གི་སྐུ་ཚབས་བགྲེས་པོ་ཨ་མགོན་དང་ནམ་མཁའ་ལྡན་གཉིས་བསྡད་ནས་རྣམ་གླིང་དགོན་པའི་མཆོད་གཞིས་ཡོངས་རྫོགས་གྲོང་ནག་ལྟ་བུའི་བསྒྱུར་སོང་བ་དང་།   རབ་བྱུངབཅུ་གཉིས་པའི་ཤིང་མོ་བྱ་སྟེ་སྤྱི་ལོ་༡༧༠༥ལོར་དབུས་སྟོད་གཞུང་སའི་དཔོན་ངོར་གྲྭ་ཟུར་ཐོག་གཉིས་མི་ལག་ནས་ལོན་ཆེད་ཞུ་གཏུགས་ཟུར་མང་པའི་མིང་ཐོགས་པ་བེ་རི་ཀརྨ་ཆོས་དབང་དང་། ཝ་མགོ་རིག་གྲོལ།  ཨ་དར་ཀརྨ་བཀྲ་ཤིས།  རབ་བརྟན་བཅས་མི་བཞི་སོང་ཡང་།  དབུས་སྟོད་གཞུང་སའི་དཔོན་ས་མ་བདེ་བར་སྡེ་སྲིད་བཀྲོངས་ནས་རྒྱལ་པོ་ལྷ་བཟང་ཁྲི་ལ་ཕེབས་པ་དང་ཁེལ་སྟོང་ལོག་བྱེད་དགོས་བྱུང་བ་མ་ཟད།   གླིང་ཚང་གི་ཟུར་མང་མཚན་ཐོགས་མི་བཞིའི་མིང་མེད་པ་བྱས་ཏེ་རྣམ་གླིང་དགོན་སྡེ་གཉིས་ལ་དགུ་དགུ་བརྒྱད་ཅུ་གྱ་གཅིག་གི་ཆད་པ་བཅད།   ཁྲ་ལེབ་དབོན་པོ་སྣ་ཆེ་དམག་དཔོན་བྱས་ནས་བླ་བྲང་ནང་དམག་སྒར་རྒྱག  རྣམ་གླིང་པས་ཀྱང་དམག་བསྡུས་ནས་འཁུ་འགྲོ་ཟམ་ཁར་ཞང་པོ་དགེ་དགེས་དགུ་ཚན་མང་པོ་བཞག་ནས་འཁྲུགས་པ་བཤོལ་ཡང་མ་ཐེབས།  དེ་ནས་བེ་རི་བླ་མ་ཀརྨ་ཆོས་དབང་སྡེ་དགེར་སོང་ནས་ཁྲི་ཆེན་སངས་རྒྱས་བསྟན་པའི་མདུན་རྣམ་གླིང་པའི་སྐྱིད་སྡུག་རྣམས་ཞུས་པས།  དེ་འཕྲལ་བེ་རི་བླ་མ་ལ་ཁྲི་ཆེན་སངས་རྒྱས་བསྟན་པས་བཀའ་ཤོག་གནང་ནས་རྣམ་གླིང་པའི་མཆོད་གཞིས་གཉིས་ལ་གེགས་བྱུང་བ་གྲགས་པ་དང་།  དེའི་རྐྱེན་གྱིས་སྡེ་གླིང་ཞང་དབོན་གཉིས་ཀྱི་བར་དམ་སེལ་བྱུང་བ་ཤེས་གསལ་ལྟར་གྱོད་དོན་འདི་ལ་རྩད་ཞིབ་དང་ཐག་གཅོད་ལེགས་པོར་བྱེད་དགོས་པའི་བཀའ་ལུང་ཕབ། སྐབས་དེར་རྣམ་གླིང་པའི་སྡེ་དགོན་གཉིས་ཀྱི་དཔོན་རྒྱ་རྡོ་ཨ་མགོན་དང་།   ནམ་མཁའ་དཔལ་ལྡན་གཉིས་བསྐོས་པར་གྲགས་ཀྱང་།   དེ་གཉིས་ཀྱིས་སྔོན་ལྟར་ཁྲིམས་མེད་དང་ངན་གཡོས་སྡེ་དགོན་གཉིས་ཀྱི་སྐྱིད་སྡུག་ལྟ་བར་ཕར་ཞོག   སྡེ་དགོན་གཉིས་རྒྱང་ཐག་ཇེ་རིང་དུ་བཏང་ནས་གྱེས་བྲལ་གྱི་བྱ་བ་ཁོ་ན་བྱས།   སྔར་བླ་བྲང་དུ་ཆོས་རྗེ་ཀརྨ་དམ་ཆོས་ཀྱི་དཀར་ལྡོམ་བྱས་ནས་འཇོག་པའི་མར་ཐམས་ཅད་འགོ་ཟི་སྒར་ཡར་ཐ་ལ་སྤྲོད་ནས་དེའི་སྲོལ་དེངས་སང་ཡང་རྒྱུན་འཇགས་སུ་བསྡུ་བཞིན་ཡོད་པར་གྲགས། རྟག་དགེ་ཇས་སངས་ཚེ་ཕྱུག་གིས་ཤུག་རའི་དཔོན་བསྐོས་བྱེད་སྐབས་རྒྱ་རྡོ་ཨ་མགོན་དང་།  ནམ་མཁའ་དཔལ་ལྡན་གཉིས་ལ་ཁོ་ཤུག་ར་འདིར་ཉི་མ་རིང་དྲགས་པས་ཁྱེད་གཉིས་ཀྱིས་ཁོ་ལ་སྡེ་དགོན་གཉིས་ཀྱི་ཆང་ནས་བསྡུས་ཏེ་ཁུར་ཡོང་དགོས་བྱས་པས་ཁོང་གཉིས་ཀྱི་དཔོན་ངོར་བལྟས་ནས་གྲྭ་ཞིང་རེའི་ཐོག་ཆང་ནས་མདོང་བཅུ་གསུམ་རེ་བསྡུས་ནས་བྱིན་པར་གྲགས།   ལམ་འགོ་འགོ་བློན་གྱི་ས་ཆུས་་ཕས་ཆེ་བ་རྣམས་དང་བདེ་ཆེན་ཚང་མ་དཔོན་རྒན་བསམ་གྲུབ་ལ་ཤོར་སོང་བ་གྲགས་པ་དེ་དེང་དུས་བསོད་ཁོའི་ལག་ན་ཡོད་པ་འདི་ཡིན་པར་བཤད།  བེ་རི་དབང་ལུས་དགོན་གཞིས་མགོན་ཁང་གྲྭ་ཞིང་བཞི་བཅས་དཔོན་ཆེན་ཨ་རྒྱལ་ལ་ཤོར་བ་དེ་དེང་དུས་སྐེ་ཐུང་པདྨ་རྡོ་རྗེའི་ལག་ན་ཡོད་པ་དེ་རེད།   སྐབས་འགར་སྡེ་གླིང་ཞང་དབོན་ཕན་ཚུན་ཐུགས་མཐུན་མ་བྱུང་ཡང་ཕྱིས་སུ་ཁྲི་ཆེན་སངས་རྒྱས་བསྟན་པ་དང་།  བླ་ཆེན་བསོད་ནམས་ཕུན་ཚོགས།  ཆོས་རྒྱལ་བསྟན་པ་ཚེ་རིང་ཁུ་དབོན་གསུམ་ཞལ་བཞུགས་སྐབས་སྡེ་དགེའི་དམག་ཆེན་བསྡུས་ནས།  དམག་འཐབ་ཀྱིས་སྒོ་མང་ཆོས་རྗེ་བརྡུང་བ་དང་བྱམས་ཆོས་རྗེའི་དཔུང་པ་བཅག་ནས་ཇ་སྟོང་ཇ་གཅིག་གཉིས་གནང་བ་བཅས།   དམག་མར་མགོ་བྱེ་མའི་ཐང་ལ་དམག་སྒར་རྒྱབ།  གླིང་ཚང་དཔོན་བཟའ་ཟླ་གཉིས་སར་སྡེ་དགེ་ཆོས་རྒྱལ་བསྟན་པ་ཚེ་རིང་ཕེབས་ནས་ཁྱེད་གླིང་ཚང་གི་ཁོང་ཡར་ཡོང་སྐབས་བྱོན་ཞུ་མི་བྱེད་པ་དང་།  མར་འགྲོ་སྐབས་བདེ་མོ་གྱིས་མི་ཟེར་བའི་དོན་ཅི་ཡིན།  ང་ཚའུ་ཚ་མོ་འདི་རྣམས་ལ་སྙིང་རྗེ་བ་མ་གཏོགས་གླིང་ཚང་རྒྱལ་བཙུན་གཉིས་འདིས་སྡེ་དགེའི་མངའ་འོག་ལ་འགྲས་ཡ་མང་པོ་བཟུང་ཡོད་པས་ང་ལ་ཆོས་རྗེ་ཀརྨ་ཆོས་དབྱིངས་རྡོ་རྗེའི་རྣམ་གླིང་སྡེ་དགོན་གཉིས་གནང་བ་དེ་རྩིས་སྤྲོད་དགོས།  ཨ་ཕྱུག་དང་ཨོ་ཡོ་དགེ་གཉིས་ངེད་ཀྱི་མདོ་ཞུས་ཀྱི་སྡེ་ནང་ནས་འཆད་པ་ཡིན།   གླིང་ལྷུན་རྒྱལ་གྱིས་སྔར་ནས་ངེད་ལ་འགོ་བཏགས་པ་ཡིན་པས་འདི་གཉིས་ཀྱི་ཁ་ས་ལག་དམར་ཐམས་ཅད་རྩིས་སྤྲོད་དགོས།  གལ་སྲིད་མ་སྤྲད་ན་གདོང་འཛོང་འདའ་ལ་དམག་དར་གཅིག་བཙུགས།  ར་མོ་ཆེ་ལ་དམག་དར་གཅིག་བཙུགས་ནས་ན་ལེན་དང་རྟ་གེ་གཉིས་ཤུལ་མེད་དུ་གཏང་རྒྱུ་ཡིན་གསུངས། དེ་སྐབས་སུ་སྡེ་གླིང་གཉིས་བར་མཚམས་ཞུ་བྱེད་མི་ས་སྐྱའི་འདམ་ཐོག་བླ་བྲང་དང་དགོན་པ་གཉིས། ཆོས་འཁོར་གླིང་གི་སྤྱི་པ་ཆོས་དར་རྒྱས་སོགས་ཀྱིས་འདུམས་འགྲིགས་བྱས།   ཨ་ཕྱུག་དང་ཨོ་ཡོ་དགེ་གཉིས་གླིང་ལ་རང་འཇགས་སུ་བཞག་བ་དང་།   གླིང་ལྷུན་རྒྱལ་གྱི་ཁ་ས་ལག་མལ་དང་།  རྣམ་རྒྱལ་གླིང་གི་སྡེ་དགོན་ས་འབྱར་ཡན་ལག་ཐམས་ཅད་སྡེ་དགེའི་སྐུ་ཚབས་དང་། གཉེར་ཆེན་འབི་ལུག  ཆོས་སྐྱོང་བློ་གྲོས།  གླིང་འབུམ་སྐྱབས་རྣམས་ཀྱིས་ཕྱག་ཏུ་གཙང་འབུལ་དང་བརྩིས་ལེན་བྱས་པ་དང་།   སྐབས་དེར་གླིང་གི་མི་སྣ་ན་ལེན་རྟག་གེ་གཉིས་དང་བྷ་གིའི་ཤེས་རབ་ཕུན་ཚོགས་རྣམས་ཀྱིས་རྩིས་འབུལ་ཞུས།    དེ་ནས་སྡེ་དགེའི་སྐུ་ཚབས་རྣམས་ལ་ཐུགས་རྒྱུས་མེད་སྟབས་རྣམ་གླིང་པའི་སྡེ་དགོན་ཐམས་ཅད་བརྩིས་སྤྲོད་ཀྱང་གྲྭ་ཟུར་ཐོག་གཉིས་རང་བཞིན་གྱིས་ལུས།   དེ་རྗེས་ཨ་ལོ་བླ་མ་ཀརྨ་ཆོས་དབང་སྐུ་མཆེད་རྣམས་ཀྱིས་སྐབས་དེར་སྡེ་དགེ་བླ་མ་ཁྲི་ཆེན་སངས་རྒྱས་བསྟན་པ་དང་ཐུགས་ཀྱི་དམ་ཚིག་ཤིན་ཏུ་གཙང་བའི་སྐབས་དང་ཁེལ་ནས་ཁྲི་ཆེན་སངས་རྒྱས་བསྟན་པས་སྔར་སྐྱབས་རྗེ་ཆོས་དབྱིངས་རྡོ་རྗེའི་བཀའ་དགོན་ཡོད་རིགས་རྣམས་བཅོལ་གཏམ་མཛད་ཡོད་ནའང་རྣམ་གླིང་པ་འདི་རྗེས་སུ་གླིང་གི་གྲོང་ནག་ཏུ་བསྒྱུར་ཤོར་སོང་བས་ཁོང་ལ་མཁོ་ཆེན་ཞིག་མི་འདུག་ཀྱང་།  ཀརྨ་པའི་བཀའ་དང་འགལ་ཉེས་ཡོད་དགོངས་ནས་ཨ་ལོ་བླ་མ་སྐུ་མཆེད་རྣམས་དང་ཆོས་རྒྱུད་གཅིག་ཏུ་སོང་གཤིས་རྣམ་གླིང་དགོན་སྡེ་གཉིས་བརྟེན་རྟེན་པ་བཅས་ཁྱེད་ལ་འབུལ་རྒྱུ་ཡིན་པས་རྗེས་སུ་དགོན་པ་འདིའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བདག་པོ་ཁྱེད་ཀྱིས་མཛད་དགོས་གསུང་ནས་གཙང་ཆོད་ཀྱིས་འབུལ།   སྐབས་དེར་སྡེ་དགེའི་བརྩིས་སྤྲོད་མི་སྣ་གཉེར་ཆེན་ཆོས་སྐྱོང་བློ་གྲོས་དང་།  དྲུང་ཡིག་ཕུན་ཚོགས་རྣམ་གཉིས་ཀྱིས་སྔར་བཞིན་ཞིབ་རྩིས་སུ་ཕུལ།   དེ་ལྟར་བླ་མ་ཀརྨ་ཆོས་དབང་རྣམ་གླིང་དགོན་དུ་བཞུགས་ནས་ཐོག་མར་གྲྭ་པ་བཅོ་ལྔ་ཙམ་ལས་མེད་ཀྱང་སྡེ་དགོན་ཕན་ཚུན་ཕྱེས་ནས་བསྟན་པ་སྤེལ།   དགོན་པ་ལ་བཅའ་ཁྲིམས་དང་ཚེས་དུས་མཆོད་སོགས་གཞན་དང་མི་འདྲ་བ་གསར་དུ་བཙུགས།  ཕྱིས་སུ་འཚོགས་བཙུགས་སྒོའི་སྐབས་གྲྭ་པ་བདུན་ཅུ་ཙམ་འདུས་བྱུང་བ་དང་།   ལོ་ཁ་ཤས་རིང་དབྱར་རེ་དང་དགུན་ཤོག་རེ་ལ་དགོན་པ་དེར་བཞུགས་པ་གྲགས།   རྗེས་སུ་དཔོན་རྒན་མགོན་པོ་རིན་ཆེན་བསྙུན་གཞི་ཐུ་ནས་བླ་མ་ཀརྨ་ཆོས་དབང་གདན་ཞུས་བྱས་ནས་གླིང་དཔོན་ལ་མགོན་པོའི་དབང་བསྐུར།   དེར་བརྟེན་གླིང་དཔོན་བསྙུན་གཞི་ལས་གྲོལ་ཡང་སྔར་གྱི་ལྷ་མཁོན་ཆེ་སྟབས་བླ་མ་རྨི་ལམ་འཁྲུགས་ཏེ་མར་དཔལ་འབྱོར་དགོན་དུ་ཕེབས་ལམ་རྨ་རང་ཚ་ཁར་བཞུགས་པ་དང་།   གཟིམས་འཇགས་གནང་སྐབས་རྡོ་ཞིག་ལ་ཕྱག་རྗེས་ངོ་མཚར་ཅན་བཞག་པར་གྲྭ་པ་བེ་རི་ཆོས་གྲགས་དང་།   ཨ་དར་ཕུན་ཚོགས་སོགས་མང་པོའི་མངོན་སུམ་དུ་མཐོང་བས་ངོ་མཚར་གྱི་གནས་སུ་གྱུར།   ཕྱི་ཉིན་མར་དགོན་ཐོག་ཏུ་འཆག་ཕེབས་ནས་སྔར་བཞིན་བསྙུན་བའི་ཚུལ་བཞུགས།   སྐུ་རིམ་སོགས་རྒྱ་ཆེར་མཛད་ཀྱང་མི་ཕན་པར་སྐུ་ཉམས་ཇེ་ཐུ་སོང་བ་དང་།  ཉིན་ཞིག་ཉེ་གནས་ཆོས་གྲགས་ལ་ཏིང་ཤག་བརྡུང་གསུངས་པ་དང་། ཆོས་གྲགས་ཀྱིས་ཏིང་ཤག་ལན་གསུམ་བརྡུང་བས་སྒྲ་ཐམས་ཅད་འཇམ་དཔལ་དཀར་པོའི་སྔགས་ཀྱི་རང་སྒྲ་དང་།   སྣང་བ་ཐམས་ཅད་འཇམ་དཔལ་དཀར་པོའི་སྐུའི་བཀོད་པར་གཟིགས།   མཐར་ཁོང་ཉིད་ཀྱང་འཇམ་དཔལ་དཀར་པོ་ཞིག་གི་ཐུགས་ཀར་ཐིམ་པའི་སྣང་བ་བྱུང་གསུངས་ནས་གཤེགས་པར་གྲགས།   སྐུ་གདུང་ལེགས་པར་སྦྱངས་པས་རིང་བསྲེལ་སོགས་ངོ་མཚར་དཔག་ཏུ་མེད་པ་བྱུང་བ་དང་།  སྤྱི་ལོ་༡༧༢༡ལོ་ཡས་མས་སུ་ཀརྨ་པ་སྐུ་ཕྲེང་བཅུ་གཉིས་པ་བྱང་ཆུབ་རྡོ་རྗེ་རྣམ་གླིང་དགོན་དུ་ཕེབས་་ནས་དབང་ལུང་སོགས་ཟབ་ཆོས་ཀྱི་གདམ་པས་སློབ་མ་མང་པོ་སྨིན་གྲོལ་གྱི་ལམ་ལ་བཀོད།   སྐབས་དེར་སི་ཏུ་རིན་པོ་ཆེ་སྐུ་ཕྲེང་བརྒྱད་པ་ཆོས་ཀྱི་འབྱུང་གནས་དགུང་གྲངས་བཅུ་གཉིས་སུ་ཕེབ་པ་དང་།   བླ་མ་ཀུན་མཁྱེན་དང་མཁན་སློབ་གཉིས་ཀྱང་རྣམ་གླིང་དུ་ཕེབས་ནས་དབང་ལུང་ཁྲིད་གསུམ་རྒྱ་ཆེར་གསུངས།  དེ་ནས་རིམ་བཞིན་བསྟན་པ་དར་རྒྱས་སུ་བྱུང་བ་དང་།   དགོན་དཔོན་ཆོས་རྗེ་ལ་བེ་རི་ཆོས་གྲགས་དང་མགྲོན་གཉེར་ཀརྨ་དོན་གྲུབ་གཉིས་བསྐོས།   སྐབས་དེར་རྒྱ་ནག་གི་རྒྱ་དཔོན་རྟ་ལོ་ཡེན་ཕེབས་ནས་མཆོད་ཡོན་གྱི་འབྲེལ་བའི་དབུ་ཚུགས་ནས།  ཆིབས་སྐྱེལ་ཆོས་སྐྱོང་བློ་གྲོས་དང་ཕྱག་ཚྭ་ཨུས་ཇས་སོང་གཉིས་བྱོན།  རྣམ་གླིང་སྡེ་དགོན་གཉིས་སྣེ་ལ་ལ་ཁར་ཐབས་སུ་ཇ་འདྲེན་བཞག་བེ་རི་ཆོས་གྲགས་ཆིབས་བསུ་སོང་བ་དང་།    དེ་ནས་ཆོས་སྐྱོང་བློ་གྲོས་ཀྱིས་རྒྱ་ལ་སྔར་ཀརྨ་པའི་སྡེ་དགོན་ཡིན་ཚུལ་དང་དེངས་སང་སྡེ་དགེའི་བདག་པོ་བྱས་ཡོད་པ་སོགས་ཞིབ་པར་ཞུས་པས།  ཁྲལ་འུ་ལག་སོགས་ཐམས་ཅད་མི་དགོས་རྒྱ་ནག་གོང་མ་དང་སྡེ་དགེ་གཉིས་ཀྱི་སྐུ་རིམ་དགོན་པ་ཡིན་གསུངས།   རྒྱ་ཇུས་རྟ་ལོ་ཡན་གྱི་ལེགས་སྐྱེས་རས་ཆ་སུམ་ཅུ་དང་ཁ་བཏགས་སུམ་ཅུ་གནང་དགོན་སྡེ་གཉིས་ཀྱིས་དར་ལན་ཕུལ་བས།  ཐང་སི་ཚེ་རིང་དང་ཕྱག་མཛོད་ཨེར་རྐེ་ཇས་སང་རྡོ་འབུམ་ཚེ་རིང་གཉིས་བཅས་ཀྱི་སྒོ་ཡིག་རྒྱག་སྐབས།   རིན་ཆེན་སྟེང་དུ་རྣམ་གླིང་སྐུ་ཚབས་གཉིས་འཛམ་གླིང་དཔོན་དང་ངོས་འཛོམས་བྱས་པ་ཞེས།   དེ་སྐད་སྡེ་དགེའི་ཁྲི་ཆེན་དཔོན་མ་ཡིག་ཆེན་མོ་ཡར་བསྐུར། རྣམ་གླིང་སྡེ་དགོན་གཉིས་ཀྱི་ཚབས་སུ་སྒོ་ཡིག་རྒྱག་ནས་སྡེ་དགེའི་དེབ་ཡིག་མཐར་སྦྱར།   རྣམ་གླིང་སྡེ་དགོན་གཉིས་ལ་སྡེ་དགེའི་མ་ཡིག་ལྟར་ཁྲལ་རིགས་འུ་ལག་ཐམས་ཅད་སྡེ་དགེའི་མ་ཆེན་ལ་མཐུན་ཡོད་དྲགས་ཞན་སུ་ལའང་ཁྲལ་མི་དགོས།  སུས་ཀྱང་ཁྲལ་དེད་མི་ཆོག་པའི་ལག་འཛིན་བཞག   ཕྱིས་སུ་ཟླ་བ་གསུམ་བཞི་ཙམ་གྱི་རྗེས་སུ་གླིང་གི་རྒྱ་མི་བཅུ་ཙམ་སྣ་ཁྲིད་ནས་དཔོན་ཆེན་དཀར་མགོན་གྱིས་བྱས།   ལྷ་ཁང་ནང་ཞག་མལ་བསྡད།   འུ་ལག་ས་ཚིགས་བསྐལ་ལྷ་ཁང་ནང་ནས་གསེར་སྐུ་གཅིག་འཕྲོག   དེ་སྐབས་སྡེ་དགེ་རྒྱལ་པོའི་མདུན་རིན་ཆེན་ལ་རྣམ་གླིང་པས་ཞུ་འདོན་བྱས།   གླིང་ཚང་འདིས་རྒྱ་བོད་ཁྲིམས་ཀྱི་སྣོག་འདི་བཞིན་བྱས་འདུག་པས་སྔར་ངེད་ཀྱི་དུས་མཆོད་བཅོ་བརྒྱད་ཀྱི་རྟེན་གྲྭ་ཟུར་ཐོག་གཉིས་གླིང་ལ་ཤོར་ཡོད་པ་ངེད་ཀྱི་བསྡུ་ཨེ་ཆོག་ཞུས་པས།   སྔར་སྲོལ་བཞིན་བསྡུ་ཆོག་གསུང་ནས་རྣམ་གླིང་པའི་སྐུ་ཚབས་ཆོས་གྲགས་དང་མགྲོན་གཉེར་གཉིས་ཀྱིས་ལོ་གསུམ་ལ་གྲྭ་ཟུར་ཐོག་གཉིས་བསྡུས།   གླིང་ཚང་ལག་ནས་ལོན་པ་དང་ཕྱིས་སུ་བྱ་ཁྲ་སྒར་དུ་སྡེ་དགེ་བསྟན་པ་ཚེ་རིང་གི་མདུན་ལ་གླིང་དཔོན་མགོན་པོ་རིན་ཆེན་དང་།  དྲུང་ཡིག་ནམ་མཁའ་བསམ་འགྲུབ།  ཇས་སོང་ཀུན་དགའ་དཔལ་ལྡན།  རྣམ་གླིང་སྐུ་ཚབས་གཉིས་བཅས་འཛོམས་ནས་མདུན་གྲོས་བྱས་པས་སྔར་ནས་གྲྭ་ཟུར་ཐོག་གཉིས་དུས་མཆོད་ཀྱི་རྟེན་ཡིན་ཚུལ་རིན་ཆེན་ལ་ཞུས་པས་རྣམ་གླིང་པ་ལ་ཚུར་གནང་བའི་བཀའ་གསལ་གནང་།   གླིང་དཔོན་བློན་རྣམས་ལ་རྣམ་གླིང་དགོན་པའི་བཀོར་ནག་མེ་མ་མུར་འདི་ཁྱོད་གླིང་གིས་ཟ་འོས་མི་འདུག   ཁྱེད་གླིང་ཚང་གི་ཟོས་པས་མི་བརླག་ཇུས་ཉེས་ལ་རྟགས་དགོས་པས་རྣམ་གླིང་པ་ལ་ཁྲལ་འཇལ་བྱེད་དགོས་པའི་བཀའ་ཕབ་ནས།   གླིང་གི་དཔོན་མོ་སྒྲོལ་མ་དང་ཚེ་དབང་ལྷ་མོ་གཉིས་སྐུ་མཆེད་ཡིན་སྟབས་ཞུ་སྣ་བྱས་ཏེ་དཔོན་བསོད་ནམས་མགོན་པོ་མདུན་ལ་བོས་ནས་སྡིག་པ་ཁ་འབར་བཞག་པའི་དམ་བཅའ་ཕུལ།  སྔར་ཡིན་ཐག་ཆོད་རྣམ་གླིང་པའི་ཡིན་ཡང་དེངས་སང་ལོ་མང་སོང་བས་སྡེ་དགེའི་འཕྲོག་རྣམ་གླིང་པས་ལོན་གླིང་གིས་ཤོར་ཟེར་བ་ཞིག་མི་མཛད་ཐབས་ཞུས་པས་དེ་ལྟར་མི་མཛད་པའི་ཁས་འཆེལ། དེ་ནས་སྡེ་གླིང་ཞང་དབོན་གཉིས་བར་ཐུགས་རྒྱུད་གཙང་སེལ་མ་བྱུང་ནས་ལོ་ཁ་ཤས་གླིང་ཚང་གི་རྣམ་གླིང་པ་ལ་ནས་ཁལ་ཉི་ཤུ་ཐམ་པ་མཆི་མ་ཕྱི་རྟེན་དུ་འཇལ་དགོས་བྱུང་བར་གྲགས།    དེ་འཕྲོས་ལོ་ཁ་ཤས་རིང་སྡེ་གླིང་ཞང་དབོན་ཕན་ཚུན་བར་སྙན་ཞུ་དགོས་རིགས་སྤུ་ཙམ་བྱུང་ཕྱིར་རྣམ་གླིང་པ་ལ་ཕར་སྤྲོད་དགོས་གསུངས་པའི་བཀའ་ཆེམས་གཉེར་ཆེན་གཟུང་རྒྱལ་དང་།   ཆོས་སྐྱོང་བློ་གྲོས།  ཀུན་དགའ་གསུམ་གྱིས་བསྩལ།   ཁྱེད་ཁག་གཉིས་གྱོད་འདི་འོང་དོན་ས་ཚིགས་འུ་ལག་དོན་གྱི་བྱུང་ས་ད་ཕྱིན་ཆད་རྣམ་གླིང་པ་ལ་འུ་ལག་ས་ཁུག་གཅིག་སྐལ་ན་རྒྱ་བོད་གཉིས་ཀྱི་ཁྲིམས་བསྣོག་རྒྱུ་ཡིན་པས། ཁྱོད་གླིང་དཔོན་གྱི་སྐལ་ན་གཞིས་ཆུས་ཀྱི་འབའ་དང་བློན་ཇས་སང་གི་སྐལ་ན་སྐེ་མིག་གཉིས་ཀྱི་འབའ་བཞག་དགོས་པའི་ཐ་ཚིག་བསྒྲགས་ནས་ཐག་བཅད་བྱས་པ་གྲགས་ལ།  དེ་ནས་སྐུ་ཚབས་ཕུན་ཚོགས་རྣམ་རྒྱལ་བྱོན་པ་དང་རྣམ་གླིང་དགོན་ལ་ཟླ་བ་གཉིས་བཞུགས་ནས།  གཏམ་གྱོད་ཆེ་ཆུང་དུ་མའི་དོན་དག་རྣམས་ཐག་གཅོད་མ་བྱས་ན་ལྷ་དང་བླ་མའི་ཐུགས་དཀྲུགས་པ་ཡིན་པས་ད་ལན་རྣམ་གླིང་པ་དཀར་བའི་གྱོད་ཐག་གཙང་ཆོད་བྱས་འདུག་པས་རྗེས་སུ་རྙོག་དྲ་མི་བསླང་པར་ཁས་ལེན་གསེར་སྲང་ལྔའི་འབའ་བཞག   དེ་ནས་རྣམ་གླིང་པའི་བསྟན་བདག་ཆོས་རྗེ་དབོན་བསྟན་འཛིན་གྱིས་ལོ་བཅུ་སྐོར་མཛད་ནས་བཞུགས།   དེའི་མཚམས་སུ་བེ་རི་ཆོས་གྲགས་ཀྱིས་སྡེ་དགོན་གཉིས་ཀའི་ཕྱོགས་ལ་འགན་ཁུར་བ་དང་འགོ་འཛིན་གཙོ་བོར་ཆོས་རྗེའི་མཛད།  ལྷ་གསར་ཁང་ཆེན་མོ་བཞེངས་ནས་ཚོགས་པ་གྲྭ་བརྒྱ་བསྐོར་འཚོགས་ནས་བསྟན་པ་དར་རྒྱས་ཤིན་ཏུ་ཆེན་པོ་བྱུང་བ་གྲགས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1