ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་སེན་དང་མཇལ་འཛོམས་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 02-13


ཟླ་2ཚེས་10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་སེན་དང་མཇལ་འཛོམས་གནང་བཞིན་པ།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་སེན་དང་མཇལ་འཛོམས་གནང་བ་རེད།

        ཞི་ཅིན་ཕིང་གིས། ལོ་གསུམ་གོང་སྐུ་ཞབས་དབུ་བཞུགས་བློན་ཆེན་གངས་རླུང་ལ་མི་འཛེམ་པར“ལྡོག་སྐྱོད”ཀྱིས་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་ནས་ཏོག་གསར་རིམས་ནད་ལ་འགོག་རྒོལ་བྱེད་བཞིན་པའི་ཀྲུང་གོ་མི་དམངས་དང་བློ་བརྟན་འགྱུར་མེད་ངང་མཉམ་གནས་བྱས་ཡོད། འདི་ལོ་ནི་ཀྲུང་གོས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་འགོ་བཙུགས་པའི་ལོ་ཞིག་ཡིན་ལ་ཀྲུང་གོ་དང་ཁམ་ཕུ་ཁྲེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་65འཁོར་བའི་ལོ་ཞིག་ཀྱང་ཡིན། ཁྱེད་དང“ལོ་གསུམ་གྱི་ཁ་ཆད”མངོན་འགྱུར་བྱུང་ནས་དཔྱིད་གསར་སྐབས་སུ་ཐུན་མོང་ཐོག་ཀྲུང་ཁམ་རྒྱལ་ཁབ་གཉིས་པོའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་དུས་རབས་གསར་པ་འགོ་བརྩམས་པར་ང་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་པ་རེད།

        ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་མི་དམངས་ཀྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་རང་བརྟེན་ངང་གདམ་ག་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་རྒྱུ་དང་། ཁམ་ཕུ་ཁྲེས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་རྒྱུ། ཁམ་ཕུ་ཁྲེས་རྒྱལ་ནང་གི་ཆབ་སྲིད་གྲོས་རིམ་གལ་ཆེན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བརྟན་པོ་གཏོང་བར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་རྒྱུ། ཕྱི་རོལ་ཕྱོགས་གཏོགས་ཀྱིས་ཁམ་ཕུ་ཁྲེའི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་ནི་མཐའ་འཁོར་ཕྱི་འབྲེལ་གྱི་གཙོ་གནད་ཁ་ཕྱོགས་སུ་བརྩིས་ནས་ཐོག་མཐའ་བར་གསུམ་དུ་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་འཆར་འགོད་དང་སྐུལ་འདེད་གཏོང་གི་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་ཁམ་ཕུ་ཁྲེ་ཕྱོགས་དང་གོ་སྐབས་མཉམ་སྤྱོད་དང་། མཉམ་ལས་མཉམ་ཇུས། འཕེལ་རྒྱས་མཉམ་སྐུལ་བཅས་བྱས་ནས་སྤུས་ཚད་མཐོ་བ་དང་། ཆུ་ཚད་མཐོ་བ། ཚད་གཞི་མཐོ་བ་བཅས་ཀྱི་དུས་རབས་གསར་པའི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་དབང་གཅིག་མཐུན་འདུས་གྲུབ་ལག་གདང་སྦྲེལ་ནས་བཏོད་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་མང་བ་བསྐྲུན་པ་དང་ས་ཁུལ་གྱི་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ལ་དྲང་ནུས་དེ་བས་མང་བ་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

        ཞི་ཅིན་ཕིང་གིས། ཕྱོགས་གཉིས་པོས་ཆབ་སྲིད་དང་། ཐོན་ནུས། ཞིང་ལས། ནུས་རྒྱུ། བདེ་འཇགས། མི་ཆོས་རིག་གནས་བཅས་ཁྱབ་ཁོངས་ཆེན་པོ་དྲུག་ནས་འགོ་བཙུགས་ཏེ་ཀྲུང་གོ་དང་ཁམ་ཕུ་ཁྲེའི“ཕ་ལམ་མཐའ་དྲུག”གི་མཉམ་ལས་སྒྲོམ་གཞི་ཧུར་ཐག་གཏོད་ཆོག ཆབ་སྲིད་ཐད་འཐབ་ཇུས་སྦྲེལ་མཐུད་ཟབ་ཏུ་གཏོང་བ་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་ཐབས་ལམ་ཁག་གི་འགྲོ་འོང་ཟབ་ཏུ་གཏོང་དགོས། ཐོན་ནུས་ཐད“བཟོ་ལས་འཕེལ་རྒྱས་ཀྱི་བར་ཁྱམས”གཙོ་གནད་ཐོག་སྐྲུན་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་དེ་བས་མང་བས་ཁམ་ཕུ་ཁྲེར་མ་འཇོག་ལས་དར་བྱ་རྒྱུར་སྐུལ་ལྕག་བྱས་ཏེ་ཤིས་ཧ་ནུའུ་ཁེ་ཞིང་ཆེན་གྱི་ནུས་མང་དཔལ་འབྱོར་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་རམ་འདེགས་དང་ཁམ་ཕུ་ཁྲེ་ཕྱོགས་ཀྱི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཞིང་ལས་ཐད“ཉ་དང་འབྲས་ཀྱིས་ཕྱུག་པའི་བར་ཁྱམས”བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ནས་མཚོ་དང་ཉེ་བའི་ཞིང་ལས་ཐད་ཀྱི་མཉམ་ལས་བྱེད་དགོས། ནུས་རྒྱུའི་ཐད་ལྗང་མདོག་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ནས་ཁམ་ཕུ་ཁྲེའི་ཆུ་གློག་དང་འོད་ཤུགས་གློག་གཏོང་རྣམ་གྲངས་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་དགོས། བདེ་འཇགས་ཐད་རྒྱུན་རྣམ་ཅན་གྱི་སྒོ་ནས་མཉམ་འབྲེལ་ཐོག་རྒྱལ་མཚམས་བསྒྲལ་བའི་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་དགོས་ཤིང་། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་ཕྱོགས་ལ་འབར་མདེལ་གཙང་སེལ་གྱི་རོགས་སྐྱོར་མུ་མཐུད་བྱེད་རྒྱུ་ཡིན། མི་ཆོས་རིག་གནས་ཐད་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཁམ་ཕུ་ཁྲེའི་བར་གྱི་ཐད་གཏོང་དུས་གཏན་གནམ་གྲུ་སྔོན་ལ་སླར་གསོ་དང་མང་དུ་གཏོང་བ་དང་། ཡུལ་སྐོར་མཉམ་ལས་ལ་སྐུལ་ལྕག་གཏོང་བ། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་ཉམས་གསོའི་ལས་དོན་སྤེལ་བ། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་སློབ་གསོ་དང་འཕྲོད་བསྟེན་སོགས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བཅས་བྱེད་རྒྱུ་ཡིན། ཕྱོགས་གཉིས་པོས་ཀྲུང་གོ་དང་ཁམ་ཕུ་ཁྲེའི་མཛའ་གྲོགས་ལོ་གོ་སྐབས་སུ་བྱས་ཏེ་ས་གནས་ཀྱི་ག་སྦྱར་མཉམ་ལས་རྒྱ་ཆེར་གཏོང་བ་དང་། མི་ཆོས་རིག་གནས་སྤེལ་རེས་རྒྱ་ཆེར་གཏོང་བ། གཞོན་ནུའི་དབར་གྱི་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཀྲུང་གོ་དང་ཁམ་ཕུ་ཁྲེའི་མཛའ་གྲོགས་བྱ་གཞག་རྒྱུན་འཛིན་དང་དར་རྒྱས་གོང་འཕེལ་གཏོང་དགོས་ཞེས་གསུངས་པ་རེད།

        ཧུང་སེན་གྱིས། ཀྲུང་གོའི་དཔྱིད་གསར་དུས་ཆེན་རྗེས་སྣེ་ལེན་ཞུས་པའི་ཕྱི་རྒྱལ་གྱི་འགོ་ཁྲིད་པ་ཐོག་མ་ཡིན་པར་ང་ཧ་ཅང་དགའ་པོ་བྱུང་། ལོ་གསུམ་གོང་གི་འཚམས་འདྲི་ཡིན་ནའང་འདྲ་ཡང་ན་ད་ཐེངས་ཀྱི་འཚམས་འདྲི་ཡིན་ནའང་འདྲ། ངས་ཁམ་ཕུ་ཁྲེའི་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་མི་དམངས་དང་བློ་བརྟན་འགྱུར་མེད་ངང་མཉམ་དུ་ལངས་ཀྱི་ཡོད་པའི་ཆ་འཕྲིན་གསལ་པོ་བརྒྱུད་སྤྲོད་ཐུབ་པའི་རེ་བ་ཡོད། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོར་ཐོབ་པའི་འཕེལ་རྒྱས་གྲུབ་འབྲས་རླབས་པོ་ཆེར་ཡིད་སྨོན་སྐྱེ་ཡི་འདུག ཀྲུའུ་ཞི་ཞི་ཅིན་ཕིང་གི་དབུ་ཁྲིད་འོག་ཀྲུང་གོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་པའི་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་ཐུབ་པའི་ཡིད་ཆེས་ཡོད། ཁམ་ཕུ་ཁྲེའི་མི་དམངས་ཀྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་གདམ་ག་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་བ་དང་ཁམ་ཕུ་ཁྲེར་ཏོག་གསར་རིམས་ནད་སོགས་ཀྱི་དཀའ་ངལ་འཕྲད་སྐབས་དུས་ཐོག་ཏུ་རྒྱབ་སྐྱོར་དང་རོགས་རམ་རྩ་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་བསྟར་ནས་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་རྒྱུ་དང་། ཀྲུང་གོའི"རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས"ཀྱི་བྱེད་ཕྱོགས་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་རྒྱུ། ཕྱི་རོལ་ཕྱོགས་གཏོགས་གང་རུང་གིས་ཤང་ཀང་དང་། ཤིན་ཅང་། བོད་བཅས་དང་འབྲེལ་བ་ཡོད་པ་སོགས་ཀྱི་གནད་དོན་ཐད་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1