༄༅།།ཡར་ཀླུང་གཙང་པོའི་བཞུར་རྒྱུན།

དུང་དཀར་བློ་བཟང་ཕྲིན་ལས། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།དུང་དཀར་ཚིག་མཛོད་ལས་དྲངས། སྤེལ་དུས། 02-17


ཆུ་བོ་འདི་ནི་ཧི་མ་ལ་ཡི་བྱང་རྒྱུད་འབྲོང་པ་རྫོང་ཁོངས་བྱེ་མ་གཡུང་དྲུང་ཞེས་པའི་གངས་རི་ལས་འབབ་ཅིང་།  ལོ་རྒྱུས་ཡིག་ཆའི་ནང་སྤྱིར་ཡར་ཆབ་གཙང་པོ་ཞེས་འཁོད་ཡོད་ལ།  སྒོས་སུ་ལེགས་རྩེའི་རྒྱུད་དུ་རྟ་མཆོག་ཁ་འབབ་གཙང་པོ་ཞེས་འབོད་པ་དང་།   ལྷ་རྩེ་ཁུལ་དུ་མྱང་ཆུ།  ལྷ་རྩེའི་ནུབ་རྒྱུད་དུ་ཡང་རྟ་མཆོག་ཁ་འབབ་ཅེས་རྟའི་ཁ་འདྲ་བའི་རི་ཁོངས་ནས་འབབ་པ་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་མིང་དེ་འབོད་པར་བྱུང་།  ཆུ་ཤུལ་ཁུལ་ནས་བཟུང་ཡར་ཀླུང་གཙང་པོ་ཞེས་འབོད་པ་ཡུལ་མིང་ཆུ་ལ་ཐོགས་པ་བཅས་ཕྱིས་སུ་ཡོངས་ཁྱབ་ཏུ་ཡར་ཀླུང་གཙང་པོ་ཞེས་འབོད།   ཡར་ཀླུང་གཙང་པོ་ནི་གཡུ་འབྲུག་སྔོན་མོ་ཐང་ལ་འཁྱིལ་ཞིང་འཕྱོ་བ་བཞིན་བོད་ཀྱི་ལྷོ་ཕྱོགས་བརྒྱུད་ནས་ཤར་ལ་བརྒྱུགས་ཐོག་སྨད་གླིང་ཕད་ཆུས་ཁུལ་ནས་ཁ་བྱང་ཤར་ངོས་སུ་ཕྱོགས་ཏེ་བཞུར་ཞིང་རི་བོ་གནམ་ལྕགས་འབར་བར་སྐོར་བ་རྟ་རྨིག་གཟུགས་ཤིག་བརྒྱབ་རྗེས་སླར་ཡང་ལྷོ་ནུབ་ཁུལ་གྱི་གཅོང་རོང་ཟབ་མོ་འགྲིམས་ནས་མཐར་གློ་ཡུལ་བརྒྱུད་རྒྱ་གར་དུ་འབབ་པས་གཙང་པོ་པུ་ལ་མ་བོ་ཐེ་ལ་ཞེས་འབོད།  དེ་ནས་བྷང་ལ་བརྒྱུད་བྷང་ལའི་མཚོ་ཁུག་ཏུ་འགྲིལ།   ཡར་ཀླུང་གཙང་པོའི་ཁྱོན་ཡོངས་ཀྱི་རིང་ཚད་སྤྱི་ལེ༢༩༠༠ཡོད་པ་ནས་རང་རྒྱལ་གྱི་མངའ་ཁོང་ནང་ཚད་དུ་སྤྱི་ལེ་༡༧༨༧ཡོད་པ་དང་།   བཞུར་ཡུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་༩༣.༥ཡོད་པ་ནས་རང་རྒྱལ་མངའ་ཁོངས་སུ་སྤྱི་ལེ་གྲུ་བཞི་མ་ཁྲི་༢༤༡༦ཟིན་ཡོད་པ་དང་།   གཙང་པོའི་རྒྱུད་ཀྱི་སའི་ཆ་སྙོམས་མཐོ་ཚད་རྒྱ་མཚོའི་ངོས་ནས་བརྩིས་པའི་སྤྱི་ཁྲེ་སུམ་སྟོང་ཡན་ཟིན་ཡོད།  ཡར་ཀླུང་གཙང་པོ་ནི་རང་རྒྱལ་གྱི་གཙང་ཆེན་ཁག་གི་ཁྲོད་ནས་རིང་ཚད་ཨང་རིམ་ལྔ་པར་སླེབས་ཤིང་།  གཙང་རྒྱུད་ཀྱི་ས་རྒྱ་ཆེ་ཆུང་ཨང་དྲུག་པ་ཟིན་ལ་གཙང་ཆུའི་རྒྱུག་འབོར་ཨང་རིམ་གསུམ་པར་སླེབས་ཡོད།  གཙང་ཆུའི་ནུས་པ་ཆེ་ཆུང་ཨང་གཉིས་པ་ཟིན་ཐུབ་པ་དང་།  གཙང་པོ་འདིའི་གཡས་གཡོན་དུ་གཙང་ལག་མང་པོ་ཡོད་པ་སྟེ།  ཆུ་གསོག་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་ཚོ་བརྒལ་བའི་རྡོ་གཞོང་གཙང་པོ་དང་།  མྱང་ཆུ།  སྐྱིད་ཆུ།  ཉང་ཆུ།  ཕར་ལུང་གཙང་པོ་བཅས་ཡོད།  ཡར་ཀླུང་གཙང་པོ་བཞུར་རྒྱུད་དུ་མི་གྲངས་བརྒྱད་འབུམ་བདུན་ཁྲི་ཉེ་ཞིང་།  ས་ཞིང་སོན་ཁལ་ས་ཡ་གཉིས་དང་སུམ་འབུམ་ལྷག་ཙམ་ཡོད་པས་གཙང་པོ་དེའི་རྒྱུད་ཀྱི་ས་ཁང་མི་གསུམ་གྱིས་བོད་ཡོངས་ཀྱིས་ཕྱེད་ཙམ་ཟིན།   དེ་བཞིན་ལྷ་ས་དང་།  གཞིས་རྩེ།  རྒྱལ་རྩེ།  རྩེ་ཐང་།  ཉིང་ཁྲི་སོགས་གྲོང་ཁྱེར་དང་གྲོང་བརྡལ་ཆེ་གྲས་རྣམས་ཀྱང་གཙང་པོ་འདིའི་གཞུང་དུ་ཆགས་ཡོད་པས་གཙང་པོ་འདི་བོད་ཀྱི་ཆུ་ཆེན་དང་པོར་གྲགས།   གཞན་ཡང་ནུབ་ཕྱོགས་སུ་མངའ་རིས་ཁུལ་ནས་བརྒྱུགས་པའི་ཕྱི་འབབ་ཆུ་བོ་གླང་ཆེན་ཁ་འབབ་གཉིས་ཀྱང་རྒྱ་གར་གཙང་པོའི་སྟོད་རྒྱུད་དུ་ཁེལ་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1