༄༅། །ཚད་མའི་ཟིན་བྲིས་མི་བརྗེད་སེམས་ཀྱི་རི་མོ་ལས་རབ་བྱེད་དང་པོ་བཞུགས་སོ།།

མགོན་རྡོ་རྒྱལ་པོ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།རྫོང་སར་བཤེས་གྲྭ་ནས་མཁོ་འདོན་བྱས། སྤེལ་དུས། 02-17


ཡུལ་གྱི་མཚན་ཉིད་བློའི་རིག་པར་བྱ་བ། ཞེས་གསུངས་པ་ཡིན་ན་བློ་དེ་གང་ལ་ངོས་འཛིན།ཚད་མ་ལ་གོ་སྙམ་ན་འདས་པ་དང་མ་འོངས་པ་གཉིས་ཀྱི་ཆོས་དག་ཡུལ་དུ་ཐལ་ཏེ་ཚད་མ་མཐར་ཐུག་པའི་རིག་པར་བྱ་བ་ཡིན་ པས་སོ།། གལ་ཏེ་དེའི་རིག་པར་བྱ་བ་མིན་ནོ་སྙམ་ན་ཅིའི་ཕྱིར་ན་དེའི་རིག་པར་བྱ་བ་རུ་མི་འདོད། གལ་ཏེ་ཡུལ་མིན་ནོ་སྙམ་ན་ཡུལ་ཡིན་མིན་ཚད་མའི་རིག་བྱ་ཡིན་མིན་ལ་བལྟས་པས་དེ་ཡུལ་མིན་པའི་རྒྱུ་མཚན་མེད་ཅིང་། གཞན་ཡང་ཚད་མའི་རིག་བྱ་ཡིན་མིན་ཡུལ་ཡིན་མིན་ལ་ཚུར་ལྟོས་དགོས་པ་ཡིན་ན་མཚན་ཉིད་གོ་བ་མཚོན་བྱ་ལ་ལྟོས་པར་ཐལ་བའི་སྐྱོན་གནས་པ་མིན་ནམ་སྙམ།


༢  རྟོག་པ་དང་རྟོག་མེད་ལོག་ཤེས་གཉིས་པོ་ཆོས་ཅན། འཁྲུལ་ཤེས་མ་ཡིན་པར་ཐལ། གཟུང་ཡུལ་ཅན་གྱི་ཤེས་པ་ཡིན་པའི་ཕྱིར། ཞེས་པའི་རིགས་པ་འདི་རང་རྒྱུད་མི་འཐད་པས་ཐལ་འགྱུར་དུ་ཡིན་དགོས་ཀྱང་། ཁྱབ་པ་གཞན་གྱིས་ཁས་མ་བླངས་པས་ཐལ་འགྱུར་དུ་འགྲོ་དཀའ་བ་མིན་ནམ་སྙམ། 


༣  དོན་སྤྱི་དང་མེད་པ་གསལ་བ་གཉིས་པོ་ཆོས་ཅན། མཐོང་རུང་གི་ཡུལ་ན་གནས་པའི་གང་ཟག་གཞན་གྱི་ཤེས་པས་མཐོང་བར་ཐལ། རང་སྣང་བའི་ཤེས་པ་ལས་རྫས་ཐ་དད་པའི་གཟུང་ཡུལ་ཡིན་པའི་ཕྱིར་ཞེས་པའི་རིགས་པ་གཉིས་པ་འདི་ཡང་རང་རྒྱུད་མིན་པས་ཐལ་འགྱུར་ཡིན་ན། དམ་བཅའ་ལ་འདོད་ལེན་ཐེབས་པའམ་ཡང་ན་ཁྱབ་པ་ཡང་ཁས་མ་བླངས་པས་ཐལ་འགྱུར་དུ་འགྲོ་ཚུལ་གང་ཡིན་སྙམ།

༤ ཆོས་ཐམས་ཅད་ཡུལ་ཅན་གྱི་བློ་སོ་སོ་ལ་ལྟོས་ནས་སྣང་ཡུལ་དང་ཞེ་ཡུལ་འཇུག་ཡུལ་གསུམ་ཆ་འགྱུར་བར་གསུངས་ན་སྤྱི་མཚན་དུ་འགྱུར་པའི་ཆོས་ཅན་ཡན་འགའ་བ་ནམ་མཁའ་དང་ཡང་ན་དངོས་མེད་སོགས་བློ་གང་གི་སྣང་ཡུལ་དུ་འགྱུར། དེ་བཞིན་ནམ་མཁའ་སོགས་བློ་གང་གི་འཇུག་ཡུལ་དུ་འགྱུར། དེ་བཞིན་རྟོག་པའི་ངོར་རྩ་བ་ནས་མ་ཤར་བའི་སངས་རྒྱས་འཕགས་པའི་རྒྱུད་ཀྱི་སྐུ་གསུང་ཐུགས་སོགས་ཀྱི་ཡོན་ཏན་ཡོད་པས་དེ་དགབློ་གང་གི་ཞེན་ཡུལ་དུ་འགྱུར།


༥ རང་འཛིན་མངོན་སུམ་ལ་རང་འདྲའི་རྣམ་པ་དངོས་སུ་གཏོད་བྱེད་ཀྱི་ཕྱིར་དོན་དེ་གཟུང་ཡུལ་གྱི་མཚན་ཉིད་དུ་གསུངས་ན། ཀ་བས་ཀ་འཛིན་མངོན་སུམ་ལ་རང་འདྲའི་རྣམ་པ་དངོས་སུ་གཏོད་དགོས་ཤིང་། དེ་ལྟར་ན་ཀ་བ་དང་ཀ་འཛིན་མངོན་སུམ་གཉིས་དུས་མཉམ་དུ་ཐལ་ཏེ་ཀ་བས་དེ་ལ་དངོས་སུ་བྱ་བར་བྱས་པས་སོ།། གལ་ཏེ་དུས་མི་མཉམ་ཡང་སྐྱོན་མེད་དོ་སྙམ་ན་དེ་ལྟར་ན་སྔོ་འཛིན་མངོན་སུམ་ཀྱིས་སྔོན་པོ་དངོས་སུ་མི་རྟོགས་པའི་རྒྱུ་མཚན་མེད་པར་འགྱུར་བས་སྡེ་བདུན་རབ་གསལ་ལས་དུས་མི་མཉམ་པའི་རྒྱུ་མཚན་གྱིས་དེས་དེ་དངོས་སུ་མི་རྟོགས་པར་གསུངས་པའི་ཕྱིར།


༦ རང་འཛིན་སྟངས་ཀྱི་གཙོ་བོར་བྱེད་པའི་བློས་ཞེན་ནས་རིག་པར་བྱ་བ་དེ་ཞེན་ཡུལ་གྱི་མཚན་ཉིད་དུ་འདོད་ན། སྒྲ་རྟག་པ་ཡང་ཞེན་ཡུལ་དུ་ཐལ་ཏེ་རང་འཛིན་སྟངས་གཙོ་བོར་བྱེད་པའི་བློ་སྒྲ་རྟག་འཛིན་རྟོགས་པའི་རིག་པར་བྱ་བ་ཡིན་པའི་ཕྱིར།


༧ ཡུལ་ཅན་དོན་མཐུན་གྱི་བྱེད་པ་འཇུག་པའི་གཞིར་གྱུར་པའི་ཡུལ་གྱི་གཙོ་བོ་དེ་འཇུག་ཡུལ་གྱི་མཚན་ཉིད་དུ་འདོད་ན། གཙོ་བོ་ཞེས་པའི་ཚིག་ལ་རྣམ་གཅོད་ལྷག་པོ་ཅི་ཞིག་ཡོད། གལ་ཏེ་རྣམ་གཅོད་ལྷག་པོ་མེད་ན་རྣམ་གཅོད་མེད་ཅིང་ཟློས་སྐྱོན་དུ་ཐལ་བའི་སྐྱོན་གནས་པ་མིན་ནམ་སྙམ་མོ།།  

༨ བཅོམ་པའམ་བློས་གཞིག་པ་ན་དེ་འཛིན་གྱི་བློ་འཇུག་པའི་མཚན་གཞི་རུ་གཟུགས་ཀྱི་སྐྱེ་མཆེད་བཞག་ཀྱང་། གཟུགས་ཀྱི་སྐྱེ་མཆེད་ནི་རྡུལ་རག་པ་ཡིན་པས་བྱེ་བྲག་ཏུ་སྨྲ་བས་བདེན་མེད་དུ་གཏན་ལ་ཕབས་ཟིན་པས་དེའི་མཚན་གཞི་ཇི་ལྟར་རུང་སྙམ་མོ།།


༩  གང་ལ་དངོས་སུ་དམིགས་ནས་ཀུན་ནས་ཉོན་མོངས་པ་རྒྱས་སུ་རུང་བ་དེ་ཀུན་རྫོབ་བདེན་པའི་མཚན་ཉིད་དུ་འཇོག་ན་དག་ས་གསུམ་གྱི་རྗེས་ཐོབ་ཀྱི་མཁྱེན་པ་དག་ཀུན་རྫོབ་བདེན་པ་རུ་འདོད་དགོས་པས་དེ་ལ་དངོས་སུ་དམིགས་ནས་ཀུན་ཉོན་རྒྱས་མཁན་ཀྱི་གང་ཟག་ཅི་འདྲ་ཞིག་ཡོད་དམ་སྙམ། གཞན་ཡང་གང་ལ་དངོས་སུ་དམིགས་ནས་རྣམ་བྱང་རྒྱས་པའི་ཁྱབ་པ་དེ་དོན་དམ་བདེན་པའི་མཚན་ཉིད་དུ་འདོད་ན། རྣམ་མཁྱེན་ཡེ་ཤེས་ལ་དངོས་སུ་དམིགས་ནས་རྣམ་བྱང་རྒྱས་མཁན་ཞིག་གང་དུ་ཡོད་དམ་སྙམ། གལ་ཏེ་འཕགས་པ་འོག་མ་དག་ཡོད་དམ་སྙམ་ན་བློ་འོག་མས་བློ་གོང་མ་ལ་དངོས་སུ་དམིགས་ན་གསུང་རབ་སྤྱིའི་ལུགས་ལས་འདས་པ་མིན་ནམ་སྙམ། གལ་ཏེ་སངས་རྒྱས་རང་ཉིད་ཡིན་ཞེས་སྨྲ་ན་སངས་རྒྱས་ཀྱི་སར་རྣམ་བྱང་མཐར་ཐུག་ཟིན་པས་རྒྱས་པ་ག་ལ་སྲིད་སྙམ་མོ།།


༡༠  མངོན་ལྐོག་གཉིས་ཀྱི་མཚན་ཉིད་རིམ་བཞིན་དུ་དོན་སྤྱི་ལ་མ་ལྟོས་པ་དང་ལྟོས་པའི་སྒོ་ནས་རྟོགས་པར་བྱ་བ་ཞེས་གསུངས་པ་ཡིན་ན། མངོན་ལྐོག་གཞི་མཐུན་དུ་སོང་བ་མིན་ནམ་སྙམ་མོད་འོན་ཀྱང་གཞི་མི་མཐུན་པ་སྡེ་བདུན་རབ་གསལ་ལས་གསལ་པོ་གསུངས་པས་མི་འཐད་ཅིང་། དེས་ན་རང་མཚན་དང་མངོན་འགྱུར་དོན་གཅིག་སྤྱི་མཚན་དང་ལྐོག་གྱུར་དོན་གཅིག་པ་མིན་ནམ་སྙམ་མོད་ཀྱང་ཐེ་ཚོམ་ལ་ལྐོག་གྱུར་ཡིན་པ་ལ་ནི་དོན་ལ་གནས་པའི་ཕྱོགས་རྣམས་ལྐོག་གྱུར་ཡིན་ཞིང་གཅིག་ཤོས་ནི་མ་ཡིན་ནོ་ཞེས་གསུངས་པས་སྒྲ་མི་རྟག་པ་ལྟ་བུ་ཐེ་ཚོམ་དོན་མཐུན་ཀྱི་ཡུལ་དག་སྤྱི་ནས་ལྐོག་གྱུར་ཁས་བླངས་པ་མིན་ནམ་སྙམ་སྟེ་ཐེ་ཚོམ་ལ་དོན་མཐུན་པ་དང་མི་མཐུན་པ་གཉིས་ཀ་ལྐོག་གྱུར་ཡིན་པ་མཚུངས་པས་སོ།།  

༡༡ ཡུལ་དུས་རང་བཞིན་འདྲེས་པ་སྣང་བའི་སྒྲོ་བཏགས་དེ་སྤྱི་མཚན་གྱི་མཚན་ཉིད་དུ་གསུངས་ན་རྡུལ་ཕྲན་སྐད་གཅིག་མ་གཅིག་དང་ཡུལ་གཅིག་ཁོ་ནས་སྡུས་པ་འཛིན་པའི་རྟོགས་པའི་སྣང་ཡུལ་ཡང་དོན་སྤྱི་དང་སྤྱི་མཚན་ཡིན་པས་ཡུལ་དུས་རང་བཞིན་འདྲེས་པ་སྣང་ཚུལ་གང་འདྲ་ཡིན་ན་སྙམ།


༡༢ རང་མཚན་ལ་དོན་ཤེས་གཉིས་སུ་དབྱེར་ན་བ་ལང་ལྟ་བུའི་སེམས་ཅན་དག་གང་དུ་འདུ། དེ་བཞིན་དོན་ལ་ཕྱི་དོན་བེམ་པོ་དང་ནང་དོན་བེམ་པོ་གཉིས་སུ་དབྱེར་ནས་ཕྱི་དོན་ལ་གཟུགས་སོགས་ཀྱི་སྐྱེ་མཆེད་ལྔ་རུ་དབྱེར་ན་གཟུགས་རྡུལ་ཕྲ་བ་སོགས་གང་དུ་འདུ།


༡༣ གཞལ་བྱ་གཉིས་སུ་གསུངས་པ་དང་འགལ་བ་སྤོང་བ། ཞེས་པའི་ཐད་དུ་རང་མཚན་གཅིག་ཉིད་ལ་ཚད་མ་མངོན་རྗེས་གཉིས་འཇལ་བྱེད་དུ་འཇུག་པའི་ཚེ་འཇུག་ཡུལ་རང་མཚན་ཁོ་ན་སློབ་དཔོན་ཕྱོགས་གླང་གིས་གཞལ་བྱ་གཉིས་སུ་གསུངས་པ་དང་འགལ་ཞེས་པའི་རྩོ་པ་བྱུང་བར་གསུངས་ཀྱང་གཞལ་བྱ་ལ་རང་མཚན་གྱིས་ཁྱབ་པ་ཁས་མ་བླངས་པས་དེ་འདུའི་དོགས་པ་ཞིག་དཔྱོད་ལྡན་གྱི་མཁས་པ་སུ་ཞིག་ལ་ཡོང་སྙམ་ནས་དོགས།


༡༤ དོན་སྦྱི་དང་མེད་གསལ་གཉིས་ཡུལ་དུ་མི་མཚུངས་པའི་རྩོད་སྦོང་བྱེད་སྐབས་དོན་སྤྱི་དོན་ལ་མེད་ཀྱང་དེ་ལ་བརྟེན་ནས་འཇུག་ཡུལ་རང་མཚན་ཐོབ་ཏུ་ཡོད་པས་གཞལ་བྱ་བཞག་ཅིང་མེད་གསལ་ལ་བརྟེན་ནས་འཇུག་ཡུལ་རང་མཚན་ཐོབ་ཏུ་མེད་པས་གཞལ་བྱ་བཞག་པར་དགོས་ནུས་གང་ཡང་མེད་པར་གསུངས་པ་དེ་རྒྱུ་མཚན་རྣམ་དག་ཏུ་སོང་ན་དངོས་མེད་ཀྱི་གཞན་སེལ་ཀུན་ལ་བཞལ་བྱ་བཞག་པའི་དགོས་ནུས་གང་ཡང་མེད་པར་ཁས་ལེན་དགོས་པས་བཞལ་བྱ་མ་ཡིན་པར་ཐལ་བ་མིན་ནམ།

༡༥ མྱོང་བ་དང་འགལ་བ་སྤོང་བ་ཞེས་པའི་ཐད་དུ་རྟོག་པ་ལ་གསལ་བར་སྣང་བའི་རྣམ་པའི་ཆ་ཞིག་ཡོད་པར་གསུངས་ཀྱང་རྟོག་པ་ལ་དངོས་སུ་སྣང་བ་དག་མི་གསལ་བ་ཡིན་པ་ལས་གསལ་བར་སྣང་ཚུལ་གཏན་ནས་མེད་པར་རྟོག་པ་རྒྱུན་ལྡན་གྱི་ཚུལ་མཐོང་ཀུན་ཀྱི་མྱོང་བས་གྲུབ་པ་མིན་ནམ་སྙམ།


༡༦ དངོས་མེད་འཇལ་བྱེད་ཀྱི་ཚད་མ་མེད་པར་ཐལ། ཞེས་པའི་རྩོད་སྤོང་དུ་དངོས་མེད་འཇལ་བྱེད་ཀྱི་ཚད་མས་རང་མཚན་ཡོད་མེད་དཔྱོད་པར་བྱེད་པའི་ཕྱིར་ཞེས་གསུངས་མོད་ཀྱང་། རང་མཚན་ཡོད་མེད་དཔྱོད་བྱེད་ཀྱི་བློ་ཡིན་ན་ཐེ་ཚོམ་དུ་ཐལ་ཏེ་རང་མཚན་ཡོད་མེད་ལ་དོགས་པའི་ཕྱིར། གཞན་ཡང་རང་མཚན་ཡོད་མེད་ལ་དཔྱོད་པས་དངོས་མེད་འཇལ་བྱེད་ཀྱི་ཚད་མ་ཡོད་པའི་རྒྱུ་མཚན་གང་།


༡༧  གཞན་ཀྱི་བརྟགས་པ་འགོག་སྐབས་དབང་ཕྱུག་དང་གཙོ་བོ་རྒྱུར་འདོད་པ་མི་འཐད་དེ། རྟག་པ་ལས་སྐྱེ་བ་འགོག་པའི་རིགས་པས་གནོད་པའི་ཕྱིར་ཞེས་གསུངས་པ་ཡིན་མོད་ཀྱང་། ཐེག་ཆེན་དབུ་སེམས་གཉིས་ཀྱིས་ཀྱང་རྟག་དངོས་གཞི་མཐུན་དུ་ཁས་བླངས་པས་རིགས་པ་དེས་གནོད་ཚུལ་གང་ཞིག་ཡིན་ནམ་སྙམ། གལ་ཏེ་འགོག་མི་ཐུབ་ན་གངས་ཅན་པ་དང་དབང་ཕྱུག་པ་འགོག་ཐུབ་པའི་རྒྱུ་མཚན་མེད་ཅིང་ཐུབ་ན་གྲུབ་མཐའ་འོག་མས་གོང་མ་འགོག་པ་ཡོད་ན་གསུང་རབ་སྤྱིའི་ལུགས་ལས་འདས་པ་མིན་ནམ་སྙམ།


༡༨ དབང་ཤེས་ཡུལ་གྱི་རྣམ་ལྡན་སྐྱེས་པ་ཙམ་ལ་ཕྱི་དོན་རྟོགས་པ་འདོད་ཞེས་གསུངས་ན་རྣམ་པ་དབང་ཤེས་རང་ཡིན་ནམ་མིན། ཡིན་ན་གཉིས་སྣང་ཅན་ཀྱི་ཤེས་པ་མ་ཡིན་པར་ཐལ་དེ་རང་ཡུལ་རྒྱང་ཆད་དུ་སྣང་བ་མིན་པའི་ཕྱིར། མིན་ན་དེ་ཚད་མ་དང་ཚད་མིན་གང་ཡིན། ཚད་མིན་ནི་མི་འཐད་དེ་རྟོག་མེད་ཀྱི་ཤེས་པ་ལ་རྟོག་མེད་ལོག་ཤེས་ལས་ཚད་མིན་གྱི་བློ་མེད་པས་རྟོག་མེད་ལོག་ཤེས་སུ་འགྲོ་ཚུལ་མེད་པས་སོ།། གལ་ཏེ་ཚད་མ་ཡིན་ན་རྟོག་མེད་ཡིན་པས་མངོན་སུམ་ལས་མ་འདས་ཀྱང་། རྣལ་འབྱོར་མངོན་སུམ་དུ་མི་འཐད་དེ་ཚུལ་མཐོང་ཐ་མ་པའི་རྒྱུད་ལ་ཡོད་པའི་ཕྱིར། རང་རིག་ཡང་མི་འཐད་དེ་བཟུང་རྣམ་ཡིན་པའི་ཕྱིར། དོན་རིག་གི་ནང་ནས་དབང་མངོན་མ་ཡིན་པ་ནི་དམ་བཅས་ཤིང་ཡིད་མངོན་ཡང་མི་འཐད་ཚུལ་མཐོང་གི་ངེས་ཤེས་ཀྱི་ཡུལ་ཡིན་པས་མི་འཐད་པ་མིན་ནམ་སྙམ་མོ།།

མུ་འགོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1