༄༅། །ཅི་ཞིག་ལ་རྩྭ་ཐང་གི་བཅའ་ཁྲིམས་ཟེར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-05


        རང་རྒྱལ་གྱི་རྩྭ་ཐང་བཅའ་ཁྲིམས་ནི་1985ལོའི་ཟླ་བ་6པའི་ཚེས་18ཉིན་ཁྱབ་བསྒྲགས་བྱས་ཤིང་། ལོ་དེའི་ཟླ་བ་10པའི་ཚེས་1ཉིན་ནས་དངོས་སུ་ལག་བསྟར་བྱས།

        རྩྭ་ཐང་ནི་རྩྭ་དང་རྩི་ཤིང་སྒོ་ཕྱུགས་གསོ་སྤྱད་ཀྱི་ཤིང་ལྡུམ་སོགས་སྐྱེས་ཡོད་པའི་ས་ཡིན། དེའི་ནང་དུ་རང་བྱུང་རྩྭ་ཐང་དང་། མིས་བཟོས་རྩྭ་ས་དང་། སྒོ་ཕྱུགས་འཚོ་སྐྱོང་བྱེད་ས། གཟས་ཀ་རྩྭ་གཏུབ་ས། རྩྭ་སོན་སྤེལ་ས་བཅས་ཕྱུགས་ལས་སུ་བཀོལ་ཆོག་པའི་ས་ཡོངས་འདུས་ཡོད། དེ་ནི་རྩྭ་ཟན་སྒོ་ཕྱུགས་འཚོ་སྐྱོང་བྱས་ནས་ཤ་དང་འོ་མ། བལ་སོགས་ཕྱུགས་ལས་དངོས་རྫས་ཐོན་སྐྱེད་བྱེད་སའི་རང་བྱུང་ཐོན་ཁུངས་ཡིན་ལ་ཕྱུགས་ལས་ཀྱི་ཆེས་རྩ་བར་གྱུར་བའི་ཐོན་སྐྱེད་རྒྱུ་ཆ་ཞིག་ཀྱང་རེད། རྩྭ་ཐང་གི་བཅའ་ཁྲིམས་ཞེས་པ་ནི་རྩྭ་ས་དོ་དམ་བྱེད་པའི་བཅའ་ཁྲིམས་ཀྱི་སྤྱི་མིང་རེད། རྩྭ་ཐང་ནི་རྒྱལ་ཁབ་ལ་དབང་བ་དང་། ཐུན་མོང་ལ་དབང་བ་ཞེས་བཅའ་ཁྲིམས་སུ་གཏན་འཁེལ་བྱས་ཡོད་པ་ཕུད། དམངས་ཡོངས་ལ་དབང་བའི་རྩྭ་ཐང་ནི་ཐུན་མོང་ལ་ཡུན་རིང་དུ་གཏན་འཇོག་བྱས་ནས་བེད་སྤྱོད་ཆོག་པ་དང། ཡང་ན་ཐུན་མོང་ངམ་སྒེར་གྱིས་འགན་གཙང་ལེན་བྱས་ནས་ཕྱུགས་ལས་ཐོན་སྐྱེད་བྱ་ཆོག དེ་དང་དུས་མཚུངས་སུ་མི་རིགས་རང་སྐྱོང་ས་ཁུལ་གྱི་ཁེ་ཕན་ལ་ལྷག་པར་དུ་དམིགས་བསལ་ཡོད་དགོས་པའི་སྐོར་ཡང་གཏན་འཁེལ་བྱས་ཡོད། རྩྭ་ཐང་གི་བདག་དབང་དང་བེད་སྤྱོད་དབང་ཆར་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལས་སྲུང་སྐྱོབ་བྱེད་པས། མི་སུས་ཀྱང་གནོད་འཚེ་བཏང་མི་ཆོག རྩྭ་ཐང་འཛུགས་སྐྲུན་དང་བབ་བསྟུན་བེད་སྤྱོད་བྱ་རྒྱུ་གང་ཡིན་ཚང་མ་རྩྭ་ཐང་སྲུང་སྐྱོབ་བྱ་རྒྱུའི་སྔོན་འགྲོའི་ཆ་རྐྱེན་བྱ་དགོས། རྩྭ་ཐང་གི་བཅའ་ཁྲིམས་སུ་སྡེ་ཁག་དང་མི་སྒེར་སུ་ཞིག་གིས་རང་འདོད་ཀྱིས་རྩྭ་ཐང་སློག་ན་དེ་འགོག་སྡོམ་བྱ་དགོས་པ་དང་། རྩྭ་ཐང་གི་རྩི་ཤིང་གང་འདོད་ལྟར་བརྐོ་བའམ་འཐུ་བར་བཀག་འགོག་བྱ་དགོས། གནོད་འབུ་ཟ་མཁན་གྱི་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པ། འཕྲུལ་སྒུལ་འཁོལ་ལོ་རྩྭ་ཐང་དུ་གཏོང་སྐབས་རྩི་ཤིང་ལ་གཏོར་བརླག་བྱེད་པར་སྔོན་འགོག རྩྭ་ཐང་སྦགས་བཙོག་བྱེད་པ་དང་མེ་སྐྱོན་ཡོང་བར་སྔོན་འགོག་བྱ་དགོས་པ་སོགས་རྩྭ་ཐང་སྲུང་སྐྱོབ་བྱ་ཐབས་གཏན་ལ་ཕབ་ནས་རྩྭ་ཐང་ལ་ཚན་རིག་དང་བསྟུན་པའི་དོ་དམ་དང་སྲུང་སྐྱོབ་བྱེད་ཐུབ་པར་ཁག་ཐེག་བྱ་དགོས། རྩྭ་ཐང་དུ་རང་དགར་ཕྱུགས་འཚོ་བ་ཚད་ལས་བརྒལ་བར་སྔོན་འགོག་དང་། རྐྱེན་གང་རུང་གིས་རྩྭ་ས་བྱེ་ཐང་དུ་བསྒྱུར་པ་དང་། ས་ཆུ་ཤོར་དུ་སོང་ན་རྩྭ་ས་དེའི་བདག་པོ་དང་ཡང་ན་བེད་སྤྱོད་མཁན་གྱིས་ཕྱུགས་འཚོ་ཚད་ལེགས་བསྒྲིགས་དང་རྩྭ་གསབ་འདེབས་བྱེད་པ། རྩྭ་ཐང་གི་རྩི་ཤིང་སྐྱེས་ཚུལ་སླར་གསོ་བཅས་བྱ་དགོས། མིའི་ཐབས་ཀྱིས་བསྐྲུན་པའི་རྩྭ་སའི་དོ་དམ་ལ་ཤུགས་སྣོན་དང་བདག་གཉེར་ལུགས་མཐུན། ཚན་རིག་དང་མཐུན་པའི་བེད་སྤྱོད། ངན་འགྱུར་སྔོན་འགོག་བཅས་བྱ་དགོས་པ་གཏན་ལ་ཕབ་ནས་རྩྭ་ཐང་གི་ཐོན་ཁུངས་བེད་སྤྱོད་བབ་བསྟུན་བྱེད་པར་མཐུན་རྐྱེན་བསྐྲུན་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1