ཞི་ཅིན་ཕིང་གིས་ཀེ་རི་སེའི་རིག་གནས་པར་འཕྲིན་ལན་སྤྲིངས་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 02-21


        ཉེ་དུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཐེན་སི་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་ཝེའར་ཝེ་ཏ་ཅི་སི་སོགས་ཀེ་རི་སེའི་རིག་གནས་པར་འཕྲིན་ལན་སྤྲིངས་གནང་ནས། ཀྲུང་ཀེའི་ཤེས་དཔལ་དཔྱད་འཛིན་ལྟེ་གནས་བཙུགས་པར་རྟེན་འབྲེལ་ཞུས་གནང་ཡོད།

        ཞི་ཅིན་ཕིང་གིས། ཀྲུང་ཧྭའི་ཤེས་དཔལ་ལོ་རྒྱུས་ཡུན་རིང་བ་དང་། གནའ་བོའི་ཀེ་རི་སེའི་ཤེས་དཔལ་ཤུགས་རྐྱེན་ཟབ་མོ་ལྡན་ཡོད། ལོ་ངོ་༢༠༠༠ལྷག་གི་སྔ་རོལ་ནས། ཀྲུང་ཀེའི་ཤེས་དཔལ་ཆེན་པོ་གཉིས་ཨེ་ཤ་ཡ་དང་ཡོ་རོབ་སྐམ་ས་ཆེན་པོ་གཉིས་ཀྱི་མཐའ་སྣེ་ནས་གཅིག་མདངས་གཅིག་ལ་འཕྲོས་ཤིང་མིའི་རིགས་ཀྱི་ཤེས་དཔལ་གོང་དུ་འཕེལ་བའི་བརྒྱུད་རིམ་ནང་རྨང་གཞིའི་རང་བཞིན་ལྡན་པའི་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ད་ཆ་རྒྱལ་ཁབ་གཉིས་པོའི་དབར་ཀྲུང་ཀེའི་ཤེས་དཔལ་དཔྱད་འཛིན་ལྟེ་གནས་བཙུགས་ནས། ཀྲུང་ཀེའི་ཤེས་དཔལ་ཕན་ཚུན་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དང་རྒྱལ་ཁབ་ཁག་དབར་གྱི་ཤེས་དཔལ་གོང་འཕེལ་ལ་སྐུལ་འདེད་གཏོང་བར་ཧུར་ཐག་གཞོལ་བས། དེར་ལོ་རྒྱུས་དང་དུས་རབས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་ཡོད།

        ཞི་ཅིན་ཕིང་གིས། མིའི་རིགས་ཀྱི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་མི་རིགས་ཁག་གིས་རང་སོའི་ཁྱད་ཆོས་དང་མཚོན་རྟགས་ཀྱིས་ཕྱུག་པའི་ཤེས་དཔལ་གསར་དུ་བཏོད་པ་དང་། མིའི་རིགས་ཀྱི་སྣ་མང་ཕུན་སུམ་ཚོགས་པའི་ཤེས་དཔལ་གྱི་ལྡུམ་ར་བསྐྲུན་ཡོད། ཤེས་དཔལ་སྣ་ཚོགས་ནི་མི་རིགས་ཁག་གིས་ལོ་རྒྱུས་འཚོལ་ཞིབ་དང་གསར་དུ་གཏོད་པ་དག་གཅིག་སྡུད་བྱས་པ་ཞིག་ཡིན་ལ། དེང་གི་ཆར་མི་རིགས་ཁག་འཚོ་གནས་དང་གོང་འཕེལ་གཏོང་བར་ཆེས་རྩ་བར་འགྱུར་བའི་ལམ་སྣེ་འཁྲིད་མཁན་ཡང་ཡིན། ང་ཚོས་མིའི་རིགས་ཀྱི་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་ལྷན་དུ་བསྐྲུན་དགོས་ན། ཤེས་དཔལ་སྣ་ཚོགས་པའི་ལོ་རྒྱུས་རིང་བའི་འབྱུང་ཁུངས་དང་ཕུན་སུམ་ཚོགས་པའི་ནང་དོན་ལ་རྒྱུས་མངའ་གཏིང་ཟབ་དང་ཁོང་དུ་ཡང་དག་ཆུད་དགོས་ཤིང་། ཤེས་དཔལ་མཐའ་དག་གི་སྙིང་བཅུད་ལ་བརྟེན་ནས་དེང་ལ་ཕན་པ་བསྐྲུན་པ་དང་མིའི་རིགས་ལ་ཕན་པ་བསྐྲུན་དགོས། ཀྲུང་ཀེའི་ཤེས་དཔལ་དཔྱད་འཛིན་ལྟེ་གནས་ཀྱིས་གོང་དུ་བརྗོད་པའི་དོན་དེའི་ཆེད་དུ་བྱས་རྗེས་ཆེན་པོ་འཇོག་ཐུབ་ངེས་ཡིན་པར་ང་ལ་ཡིད་ཆེས་ཡོད་ཅེས་ནན་སྟོན་གནང་ཡོད།

        ཞི་ཅིན་ཕིང་གིས། གནའ་ཤེས་དེང་དཔྱད་དང་སྔ་འཛིན་ཕྱི་གཏོད་བྱེད་དགོས། མཉམ་སྡུད་མཉམ་གསོག་དང་། སྒོ་དབྱེ་ཁོང་ཡངས་རྒྱུན་འཁྱོངས་བྱས་ན། མིའི་རིགས་ཀྱི་ཤེས་དཔལ་རྒྱུན་ཆད་མེད་པར་དར་རྒྱས་གོང་འཕེལ་ཡོང་ཐུབ་པ་ལོ་རྒྱུས་ལས་གསལ་བཤད་གང་ལེགས་བྱས་ཡོད། དེང་སྐབས་ཀྱི་འཛམ་གླིང་ལ་ལོ་ངོ་བརྒྱ་ཡི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་པ་དང་། མིའི་རིགས་ཀྱི་མདུན་དུ་ལྷགས་པའི་འགལ་བ་དང་གནད་དོན་མངོན་གསལ་ཅན་ཐག་གཅོད་བྱེད་པར་དངོས་པོའི་བྱེད་ཐབས་ལ་བརྟེན་ནས་འགག་སྒྲོལ་དཀའ་སེལ་བྱ་དགོས་ལ། བསམ་པའི་སྟོབས་ཤུགས་ལ་བརྟེན་ནས་ལྷག་བསམ་ཟོལ་མེད་ཡིན་དགོས། ཀྲུང་ཀེའི་ཤེས་དཔལ་ལ་ལྡན་པའི་རིན་ཐང་ལྟ་བ་དང་། འཛམ་གླིང་ལྟ་བ། འཇིག་རྟེན་ལྟ་བ། མི་ཚེའི་ལྟ་བ། ཚན་རིག་ལྟ་བ། རིག་གནས་ལྟ་བ་སོགས་རྒྱ་ཆེ་ལ་གཏིང་ཟབ་པ་དང་ལོ་རྒྱུས་ཡུན་རིང་ལྡན་པས། མིའི་རིགས་ཀྱིས་དུས་རབས་ཀྱི་དཀའ་གནད་སེལ་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་བསམ་པའི་ཁྲིད་སྟོན་གལ་ཆེན་བྱེད་ཐུབ་ངེས་རེད་ཅེས་གསུངས་ཡོད།

        སྤྱི་ལོ་༢༠༡༩ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀེ་རི་སེར་རྒྱལ་དོན་འཚམས་འདྲི་གནང་རིང་། ཀེ་རི་སེའི་འགོ་ཁྲིད་པ་དང་ཐུན་མོང་ཐོག་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་དར་སྤེལ་བཏང་གནང་ཡོད། འཚམས་འདྲི་གནང་མཇུག་འགྲིལ་རྗེས། ཕྱོགས་གཉིས་པོས་འགོ་ཁྲིད་པའི་དབར་བྱུང་བའི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཧུར་ཐག་བྱས་ཏེ་ཀྲུང་ཀེའི་ཤེས་དཔལ་དཔྱད་འཛིན་ལྟེ་གནས་གྲབས་འཛུགས་བྱས་ཡོད། ཉིན་ཤས་གོང་། ཨ་ཐེན་སི་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཝེའར་ཝེ་ཏ་ཅི་སི་སོགས་ཀེ་རི་སེའི་རིག་གནས་པ་ལྔ་ཡིས་མཚན་མཉམ་བཀོད་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་ནས་དར་སྤེལ་གཏོང་གནང་མཛད་པའི་ཤེས་དཔལ་འདུ་ཤེས་ལ་ཚད་མཐོའི་ཁས་ལེན་གནང་བ་དང་། ལྟེ་གནས་ཀྱི་གྲ་སྒྲིག་གནས་ཚུལ་དང་གོང་འཕེལ་འཆར་འགོད་ངོ་སྤྲོད་གནང་ཡོད། སྤྱི་ཟླ་༢པའི་ཚེས་༢༠ཉིན། ཀྲུང་ཀེའི་ཤེས་དཔལ་དཔྱད་འཛིན་ལྟེ་གནས་བཙུགས་པའི་མཛད་སྒོ་དེ་ཨ་ཐེན་སི་སློབ་ཆེན་དུ་གཉེར་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1