༄༅།།རབ་བྱུང་བ་དང་དགེ་བསྙེན་གྱིས་སིལ་ཁུའི་སྦི་རག་འཐུང་ཆོག་གམ།

ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།དགེ་ལུགས་པའི་དྲ་བ་ལས་དྲངས། སྤེལ་དུས། 02-23


རྒྱ་སྐད་དུ་སྟེ།སིལ་ཁུའི་སྦི་རག་འདི་རིགས་རབ་བྱུང་བས་འཐུང་ཆོག་མིན་གྱི་དྲི་བ་འདི་དྲི་བ་གལ་ཆེན་ཞིག་རེད།ད་ལྟ་ལ་ལས་འདི་ཤེས་མ་ཤེས་པར་འཐུང་བས་དཔོན་པོ་འགའ་རེ་དང་ཁྱིམ་པ་འགའ་རེས། ཨ་ཁུ་ག་གེ་མོས་བཞེས་པས་སྐྱོན་མེད།ཨ་ལགས་ག་གེ་མོས་བཞེས་པས་སྐྱོན་མེད་ཅེས་བླ་མ་དང་གྲྭ་བར་འདྲེན་སྐད་ཀྱང་ཐོས་སོ༎ས་ཆ་ལ་ལར་ཨ་ཁུ་ཚོས་ཨ་རག་འཐུང་མི་ཆོག་མོད། སྦི་རག་འཐུང་ཆོག་ཅེས་སྦི་རག་འཐུང་བ་རྒྱུན་ལྡན་ཞིག་ཏུ་བརྩིས་ནས་སྣེ་ལེན་བྱེད་པའང་མཐོང་།

དྲི་བ་དེར་ལན་འདེབས་པ་ལས་ཐོག་མར་སྟེ།སིལ་ཁུའི་སྦི་རག་ཅེས་པ་འདི་གསལ་བོར་ཤེས་དགོས་ཏེ། བརྒྱ་བཤེར་ལས།ཞེས་པའི་་་ནི་སིལ་ཏོག་གི་དོན་ཡིན་པ་དང་། ནི་ཚང་མས་རྒྱུན་དུ་འཐུང་བའི་སྦི་རག་རེད།སིལ་ཏོག་ཁུ་བ་བཙིར་རྗེས་སྦི་རག་དང་མཉམ་དུ་བསྲེས་ན་སིལ་ཁུའི་སྦི་རག་རེད།ད་ལྟ་ཚོང་རའི་ནང་དུ་བཙོང་རྒྱུ་ཡོད་པའི་པོ་ལུའོ་སིལ་ཁུའི་སྦི་རག་དང་།ཧ་མི་ཀྭ་ཀོའི་སིལ་ཁུའི་སྦི་རག ཀུ་ཤུའི་སིལ་ཁུའི་སྦི་རག་དང་།ཚ་ལུ་མའི་སིལ་ཁུའི་སྦི་རག་སོགས་ཡོད།ཅེས་བཤད་ཡོད་པས་འདི་ཉིད་སྦི་རག་ཡིན་པ་ཐག་གིས་ཆོད།

དེ་ཇི་ལྟར་བཟོས་པ་ཡིན་ཟེར་ན།དེ་ལས། བརྒྱ་བཤེར་ལས། སིལ་ཁུའི་སྦི་རག་ནི་གྲོ་མྱུག་དང་འབྲས་སོགས་རྒྱུ་ཆ་བྱས་ཏེ་སྦི་རག་གི་མེ་ཏོག་ནང་དུ་བླུགས་ནས་བསྙལ་ཞིང་བཙགས་ཏེ་སིལ་ཁུ་བླུགས་ནས་བཟོས་པའི་ཨེར་དབྱིན་ཧྭ་ཐན་ལྡན་པའི་ཆང་ཞིག་རེད།ཅེས་ཆང་ཡིན་པར་བཤད་ཡོད་པས། མདོ་ལས།རྒུན་ཆང་དང་། སྦྲང་ཆང་དང་། རྒྱ་ཆང་དང་། བུ་རམ་ཆང་དང་། འབྲས་ཆང་དང་། ཆང་སྣ་ཚོགས་ཞེས་ཆང་སྣ་ཚོགས་ཡོད་པར་གསུངས་ཤིང་།སིལ་ཁུའི་སྦི་རག་ཀྱང་དེ་དག་གི་ཁོངས་གཏོགས་ཏེ།འདུལ་བ་ལས། གྲོ་དང་འབྲས་ལས་བྱས་པའི་ཆང་ནི་གྲོ་དང་འབྲས་ཆང་ངོ་། །བུ་རམ་ཆང་ནི་བུ་རམ་ཆང་ལས་བྱས་པ་སྟེ་སྦྱར་བའི་ཆང་ངོ་། །ཞེས་གསུངས་པ་ལྟར་སིལ་ཁུའི་སྦི་རག་འདི་སིལ་ཁུ་དང་སྦྱར་བའི་ཆང་ཞིག་ཡིན་ནོ༎

ལྷག་པར་སིལ་ཁུའི་སྦི་རག་འདིའི་ནང་དུ། ཆང་གི་ཚད་3.5ནས་9ཡས་མས་ཡོད་ཅིང་ཆང་གི་ཁོངས་སུ་གཏོགས་ཤིང་། འདི་དམ་བུ་དོ་གསུམ་ཙམ་འཐུང་ནས་རླངས་འཁོར་བསྐོར་ན་ཆང་འཐུང་ནས་རླངས་འཁོར་སྐོར་བའི་ཉེས་པ་གསོག་པའི་ཚད་དུ་སླེབས་པར་བཤད་ཅིང་།ཆང་མི་ཐུབ་པའི་མི་ལ་ལས་དམ་བུ་གང་འཐུང་ནའང་བཟི་བར་བཤད།ཀུན་མཁྱེན་མཚོ་སྣ་བས། གང་ལ་མྱོས་པར་འགྱུར་བའི་དྲི་རོ་ཡོད༎མྱོས་འགྱུར་ཁུ་བ་མིན་ཡང་བཏུང་མི་བྱ༎ཞེས་སུམ་བརྒྱ་བ་ལས་བཤད་དོ༎ཞེས་གསུངས་སོ།། 

མདོ་ལས།དགེ་སློང་དག །ང་ལ་སྟོན་པའོ། །ཞེས་ཟེར་བ་དག་གིས་མྱོས་པར་འགྱུར་བ། ཐ་ན་རྩྭའི་རྩེ་མོས་ཀྱང་བཏུང་བར་མི་བྱ་ཞིང་། བླུད་པར་ཡང་མི་བྱའོ། །ཞེས་གསུངས་པ་ལྟར་འདི་རིགས་འཐུང་མི་རུང་ལ་གཞན་ལ་ལྡུད་ཀྱང་མི་རུང་ངོ་༎

དེ་འཐུང་ན་ཇི་ལྟར་འགྱུར་རམ་ཞེ་ན།དགེ་ཚུལ་གྱི་བསླབ་བྱ་གནམ་རྩེ་ལྡེང་མ་ལས། ཆང་དང་ཞེས་པ་ནི། ཕབས་བཏབ་པ་འབྲུའི་ཆང་དང་། མ་བཏབ་པ་རྒུན་ཆང་ལ་སོགས་པ་བཅོས་པའི་ཆང་སྟེ། མྱོས་པར་འགྱུར་བ་འཐུང་འདོད་ཀྱིས་མྱོས་འགྱུར་ལོངས་སྤྱོད་མིད་ཐེབས་རེ་རེ་ལ་རེ་རེའོ། ། འབྲུ་དང་བཅོས་མའི་ཆང་སྡོམ་པ་འཛིན་པ་ལ་སྐོམ་དུ་བྱིན་པར་གྱུར་ན་ངུ་འབོད་ཆེན་པོར་སྐྱེ་བར་འགྱུར་རོ། །སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་འདོད་པ་ལོག་པར་གཡེམ་པ་དང་བརྫུན་དུ་སྨྲ་བ་དང་འབྲུ་དང་བཅོས་པའི་ཆང་སྡོམ་པ་བཟུང་བ་ལ་སྐོམ་དུ་བྱིན་པར་གྱུར་པ་དང་ལོག་པར་ལྟ་བ་ཅན་དུ་གྱུར་ན་ཚ་བའི་དམྱལ་བ་ཆེན་པོར་སྐྱེ་བར་འགྱུར་རོ། །ཞེས་གསལ་བོར་གསུངས་སོ༎

དེ་འཐུང་བའི་ཚད་ཅི་ཙམ་ཞེ་ན། རྗེ་བླ་མའི་དགེ་སློང་གི་བསླབ་བྱ་གནམ་རྩེ་ལྡེང་མ་ལས། ཡན་ལག་འབྲུའི་ཆང་དང་བཙོས་པའི་ཆང་གི་སྦང་མ་དང་ཚིགས་མའམ་ཁུ་བ་གང་རུང་མྱོས་པར་འགྱུར་བ་ཡིན་པ། མིད་པར་མངོན་པའི་ཚད་དང་ལྡན་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་འཐུང་བར་འདོད་པ། སྦྱོར་བ་འཐུང་བར་རྩོམ། མཐར་ཐུག་མགུལ་དུ་མིད་ནའོ། །ཕབས་ཀྱི་ཆང་བུ་དང་རྩ་བ་ལ་སོགས་པ་རྩིས་མ་མནན་ཅིང་མྱོས་པར་འགྱུར་བ་དང་། མྱོས་པར་མི་འགྱུར་ཞིང་མྱོས་འགྱུར་གྱི་དྲི་དང་རོ་བྲོ་བའི་ཐུག་པ་ལ་སོགས་པ་འཐུང་བ་དང་། མྱོས་པར་འགྱུར་བ་མི་མིད་ཅིང་མཁུར་བར་བསྲེལ་བ་དང་། ལུས་ལ་སྐུད་པ་རྣམས་ལ་ཉེས་བྱས་སོ། །ནད་པས་མཁུར་བར་བསྲེལ་བ་དང་ལུས་ལ་སྐུད་པ་ཙམ་ལ་ཉེས་པ་མེད་ལ་སྲོག་ལ་བབ་ཀྱང་མིད་དུ་མི་རུང་ངོ་། །ཞེས་གསུངས་པ་ལྟར་རབ་བྱུང་བ་དང་དགེ་བསྙེན་གྱིས་སྲོག་ལ་བབ་ཀྱང་འཐུང་བར་མི་རུང་ངོ་༎

དེའི་ཉེས་དམིགས་ཀྱང་དགའ་བ་ཅན་གྱིས་ཞུས་པའི་མདོ་ལས། ཆང་འཐུང་བ་ལ་མངོན་པ་དགའ་བའི་མི། །བདག་ལ་ཕན་དང་གཞན་ལ་བདེ་མི་ནུས། །རྨོངས་དང་མདོག་ངན་བྱེད་པ་ཆང་ཡིན་ཏེ། །ཇི་ལྟར་ཧ་ལའི་དུག་བཞིན་དེ་མི་བཏུང་། ཞེས་དང་ མདོ་དྲན་པ་ཉེར་བཞག་ལས། ཆང་གིས་གཡེང་བའི་མི་དག་ནི། །གསོན་ཡང་ཤི་བ་དག་དང་མཚུངས།ཞེས་དང་། དགེ་སྡིག་རྣམ་པར་འབྱེད་པའི་མདོ་ལས། ཚེ་འདི་ལ་ཆང་འཐུང་ཞིང་མྱོས་པ་ནི་ཟངས་ཁུ་འཐུང་བའི་དམྱལ་བར་ལྷུང་ངོ་ཞེས་སོ། །

དེ་བས་བདག་ལེགས་སུ་འདོད་ན་སིལ་ཁུའི་སྦི་རག་བཏུང་བར་འཐུང་བའམ་འཐུང་བཞིན་པ་དག་གིས་ཀྱང་ད་ནས་བཤགས་པ་བཅས་ཤེས་པར་བྱ་ཞིང་གཟབ་ཅིང་གཞན་ལའང་གསལ་འདེབས་བྱའོ།།

ཞེས་པ་འདི་བཙུན་གཟུགས་ཤེས་རབ་བསྟན་དར་གྱིས་༢༠༢༡ལོའི་ཧོར་ཟླ་གཉིས་པའི་ཚེས་བཅོ་བརྒྱད་ཀྱི་ཞོགས་པར་ཆོས་སྡེ་ཆེན་མོ་རྙེ་དགོན་བཤད་སྒྲུབ་དར་རྒྱས་དགེ་འཕེལ་གླིང་དུ་སིལ་ཁུའི་སྦི་རག་འཐུང་བ་རྣམས་ལ་ཕན་སེམས་ཀྱིས་བྲིས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1