ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཝང་དབྱི་དང་ཐུག་འཕྲད་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 02-24


ས་གནས་དེ་གའི་དུས་ཚོད་2023ལོའི་ཟླ་2ཚེས་22ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་མོ་སི་ཁོར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཕྱི་དོན་ལས་དོན་ཨུ་ལྷན་གཞུང་དོན་ཁང་གི་ཀྲུའུ་རེན་ཝང་དབྱི་དང་ཐུག་འཕྲད་གནང་བ་རེད།

        ཝང་དབྱི་ཡིས་ཕུའུ་ཅིང་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གི་བྱམས་བརྩེའི་འཚམས་འདྲི་བརྒྱུད་ཞུ་གནང་། ཝང་དབྱི་ཡིས་ན་ནིང་ལོ་མཇུག་ཏུ་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་དབར་བརྙན་ལམ་གྱི་ཐུག་འཕྲད་གལ་ཆེན་གནང་སྟེ་ལོ་གསར་པའི་ནང་ཕྱོགས་གཉིས་པོའི་འབྲེལ་བར་ཁ་ཕྱོགས་གསལ་སྟོན་གནང་བ་རེད།

        ཝང་དབྱི་ཡིས། ཉེ་ཆར་རྒྱལ་སྤྱིའི་དུས་བབ་རྙོག་འཛིང་ཆེ་ལ་ཛ་དྲག་པོ་ཡོད་མོད། འོན་ཀྱང་ཀྲུང་ཨུའི་འབྲེལ་བར་རྒྱལ་སྤྱིའི་འཕོ་འགྱུར་གྱི་ཚོད་བགམ་ཐེབས་ནས། གནད་སྨིན་འཐུས་ཚང་དང་བློ་བརྟན་འགྱུར་མེད་ངང་རི་བོ་ཐའེ་ཧྲན་འགྱིང་ངེར་ལངས་དང་མཚུངས། ང་ཚོའི་མདུན་དུ་རྟག་པར་ཟང་ཟིང་གི་གནས་ཚུལ་ཡོང་གི་ཡོད་མོད། འོན་ཀྱང་འགྲན་སློང་དང་གོ་སྐབས་མཉམ་དུ་གནས་པ་དེ་ནི་ལོ་རྒྱུས་ཀྱི་རྩོད་སྒྲུབ་རིག་པ་ཡིན། ཀྲུང་གོ་དང་ཨུ་རུ་སུའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་དེ་ཕྱོགས་གསུམ་པར་དམིགས་མི་སྲིད། ཕྱོགས་གསུམ་པའི་འགོག་རྐྱེན་ཡང་མི་ཐེབས་ལ། ཕྱོགས་གསུམ་པའི་འཇིགས་སྐུལ་དེ་བས་དང་ལེན་མི་བྱེད། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བར་ཆབ་སྲིད་དང་། དཔལ་འབྱོར། དཔལ་ཡོན་བཅས་ཀྱི་རྨང་གཞི་བརྟན་པོ་ཡོད་པ་དང་། ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱས་རྗེས་ཀྱི་བག་ཕེབས་དང་བློག་གྲོས་ཡོད། ང་ཚོས་ཐུན་མོང་ཐོག་རྒྱབ་སྐྱོར་བྱེད་པའི་འཛམ་གླིང་སྣེ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བར་བྱེད་པ་དེ་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་མཐུན་ཞིང་། རྒྱལ་ཁབ་མང་ཆེ་བའི་བསམ་འདུན་དང་མཐུན་པའི་རྐྱེན་གྱིས་རེད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ། འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། དངོས་དོན་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ། རྒྱལ་ཁབ་གཉིས་པོའི་ལུགས་མཐུན་ཁེ་ཕན་སྲུང་སྐྱོང་བཅས་བྱས་ནས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། རྒྱལ་ཁབ་གཉིས་པོའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

        ཕུའུ་ཅིང་གིས་ཝང་དབྱི་བརྒྱུད་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་བརྒྱུད་བསྒྲགས་གནང་རོགས་ཞུས་པ་དང་། ཀྲུང་གུང་གི་ཚོགས་ཆེན་ཉི་ཤུ་པས་ཀྲུང་གོའི་འཕེལ་རྒྱས་ལ་མདུན་ལམ་གསར་པ་བཏོད་ཡོད། ད་ཆ་ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བ་གཏན་འཁེལ་གྱི་དམིགས་ཚད་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་ཡོད་པ་དང་། ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་དང་། དེ་བཞིན་ཧྲང་ཧའེ་མཉམ་ལས་དང་འབོ་གསེར་སོགས་ཕྱོགས་མང་རྩ་འཛུགས་ཁྲོད་ཀྱི་མཐུན་སྦྱོར་ལ་གྲུབ་འབྲས་ཆེན་པོ་ཐོབ་པ། རྒྱལ་སྤྱིའི་ལས་དོན་ཁྲོད་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དང་རྒྱལ་སྤྱིའི་རྣམ་པ་དོ་སྙོམས་བརྟན་ལྷིང་ཡོང་རྒྱུར་དོན་སྙིང་གལ་ཆེན་ཡོད་ཅེས་གསུངས་པ་རེད།

        ཕྱོགས་གཉིས་པོས་ཡུག་རེན་གྱི་གནད་དོན་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་གནང་བ་རེད། ཝང་དབྱི་ཡིས་ཨུ་རུ་སུ་ཕྱོགས་ནས་སྐད་ཆ་ཤོད་རེས་དང་གྲོས་མོལ་བརྒྱུད་གནད་དོན་ཐག་གཅོད་བྱེད་འདོད་ཡོད་ཅེས་བསྐྱར་བསྒྲགས་བྱས་པར་བསྔགས་བརྗོད་གནང་བ་རེད། ཀྲུང་གོ་ཕྱོགས་ཀྱིས་སྔར་བཞིན་དངོས་ཡོད་དྲང་གཞག་གི་ལངས་ཕྱོགས་མཐའ་འཁྱོངས་བྱས་ཏེ། ཆབ་སྲིད་ཐོག་ནས་ཉམས་ཉེན་ཐག་གཅོད་བྱ་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུ་ཡིན་ཞེས་གསུངས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1