《རྒྱ་བོད་ཤན་སྦྱར་མིང་གཏེར་ཆེན་མོའི》ཞུ་དག་ལས་ཀའི་ཚོགས་འདུ་ཁྲེང་ཏུའུ་རུ་ཚོགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-24


        སྤྱི་ཟླ༢པའི་ཚེས་༡༩ཉིན། རྒྱལ་ཁབ་ཀྱི་“ལོ་ལྔའི་འཆར་གཞི་ཐེངས་བཅོ་ལྔ”པའི་དཔེ་སྐྲུན་འཆར་འགོད་རྣམ་གྲངས་《རྒྱ་བོད་ཤན་སྦྱར་མིང་གཏེར་ཆེན་མོའི》ཞུ་དག་ལས་ཀའི་ཚོགས་འདུ་ཁྲེང་ཏུའུ་རུ་ཚོགས། ལས་གཞི་འདི་ནི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་ཁམས་པ་བརྙན་འཕྲིན་ཁང་གཉིས་ཀྱིས་ཐུན་མོང་ཐོག་སི་ཁྲོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་དང་སི་ཁྲོན་དཔེ་སྐྲུན་འཕེལ་རྒྱས་ཀུན་ཕན་ཐེབས་རྩ་ཚོགས་པས་རྒྱབ་སྐྱོར་བྱས་པའི་དཔེ་སྐྲུན་ལས་གཞི་གལ་ཆེན་ཞིག་ཡིན་ལ། དེ་ནི་མིང་བརྡ་འབུམ་གསུམ་འདུས་པའི་རྒྱ་བོད་སྐད་གཉིས་ཀྱི་ཚིག་མཛོད་ཅིག་ཡིན་པ་རེད།


        སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ་དང་ཚིག་མཛོད་གཙོ་སྒྲིག་པ་ཨ་སྔགས་ཚེ་རིང་བཀྲ་ཤིས་དང་ཁམས་པ་བརྙན་འཕྲིན་ཁང་གི་ལེ་ཚན་ལྟ་སྐུལ་པ་དང་ཚིག་མཛོད་གཙོ་སྒྲིག་པ་ཡེ་ཤེས་རྡོ་རྗེ། དེ་མིན་སི་ཁྲོན་མི་རིགས་རྒྱང་བསྒྲགས་ཁང་དང་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས། དཀར་མཛེས་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་། དཀར་མཛེས་ཉིན་རེའི་ཚགས་པར་ཁང་སོགས་ཀྱི་འབྲེལ་ཡོད་ཆེད་མཁས་པ་དང་ཞུ་དག་པ་རྣམས་ཚོགས་འདུར་ཞུགས།

        ཚོགས་ཐོག་ཏུ། ཚིག་མཛོད་གཙོ་སྒྲིག་པ་ཡེ་ཤེས་རྡོ་རྗེ་ཡིས་《རྒྱ་བོད་ཤན་སྦྱར་མིང་གཏེར་ཆེན་མོའི》རྩོམ་སྒྲིག་ལས་ཀ་དབུ་བརྙེས་པའི་ཚུན་ཆོད་ནས་རྒྱུ་ཆ་བསྡུ་རུབ་དང་ཞུ་དག་བྱས་པའི་གནས་ཚུལ་སྙན་ཞུ་བྱས་པ་དང་། འབྲེལ་ཡོད་ཞུ་དག་པ་རྣམས་ཀྱིས་ཀྱང་རྩོམ་སྒྲིག་གི་ནང་དོན་ལ་དགོས་ངེས་ཀྱི་གསལ་བཤད་དང་བསམ་འཆར་གང་ལེགས་བཏོན།

        སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ་དང་《རྒྱ་བོད་ཤན་སྦྱར་མིང་གཏེར་ཆེན་མོའི》་གཙོ་སྒྲིག་པ་ཨ་སྔགས་ཚེ་རིང་བཀྲ་ཤིས་ཀྱིས་བསྟན་དོན། ཐེངས་འདིའི་ཚིག་མཛོད་ཀྱི་ཞུ་དག་ཁྲོད་རྩོམ་སྒྲིག་པ་རྣམས་ཀྱིས་གཅིག་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་ནས་ཀྲུང་ཧྭ་མི་རིགས་གོང་བུ་འགྲིལ་ཤུགས་ཀྱི་ལམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་མིང་མཛོད་ཀྱི་བཀོལ་སྤྱོད་རང་བཞིན་དང་དེའི་དབང་གྲགས་ལ་ཁག་ཐེག་བྱ་དགོས། གཉིས་ནས་འོས་འགན་གྱི་འདུ་ཤེས་མཐོ་རུ་བཏང་སྟེ་དོ་གལ་ཆེན་པོས་ཚིག་མཛོད་ལ་ཞུ་དག་དང་གཏན་འབེབས་ལེགས་པོ་གཏོང་དགོས། གསུམ་ནས་རྒྱུ་ཆ་འཚོལ་བསྡུ་དང་ཞུ་དག་ལ་ཞིབ་ཏིག་ཡང་ཡང་མཛད་ནས་ནང་དོན་ལ་ནོར་འཛོལ་མེད་པ་བྱས་ནས་རྒྱུ་སྤུས་ལ་ཁག་ཐེག་བྱ་དགོས། བཞི་ནས་ལས་ཆོད་ལ་ཁག་ཐེག་བྱས་ནས་ཞུ་དག་དང་གཏན་འབེབས་ཀྱི་ལས་ཀ་དུས་ཚོད་ལྟར་འགྲུབ་དགོས་པའི་རེ་བ་བཏོན།

        རྒྱ་བོད་ཤན་སྦྱར་མིང་གཏེར་ཆེན་མོ་ནི་ཕྱོགས་བསྡུས་རང་བཞིན་གྱི་རྒྱ་བོད་ཤན་སྦྱར་ལག་ཆའི་དཔེ་དེབ་ལ་གཏན་འཁེལ་བྱས་ཡོད་ཅིང་། དེའི་འཚོལ་བསྡུ། ཡིག་བསྒྱུར། ཞུ་དག རྩོམ་སྒྲིག་བཅས་ཚང་མ་རྒྱལ་སྤྱིའི་ཚིག་མཛོད་རྩོམ་སྒྲིག་གི་སྒྲིག་སྲོལ་དང་ཚད་གཞི། བྱ་ཐབས་བཅས་གཞིར་བཟུང་ནས་རྩོམ་སྒྲིག་བྱ་རྒྱུ་ཡིན་ལ། ལྷག་པར་དུ་རྒྱ་ཡིག་གི་མཚོན་རྟགས་དང་ཐ་སྙད། ཚན་རྩལ་ཐ་སྙད། ཨང་གྲངས། འཇལ་བྱེད་སོགས་རྒྱལ་ཁབ་ཀྱི་ཚད་གཞི་ཅུས་དང་རྒྱལ་ཁབ་ཀྱི་ལག་རྩལ་ལྟ་སྐུལ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་འབྲེལ་ཡོད་ཚད་གཞི་ལྟར་ལག་བསྟར་ནན་པོ་བྱ་རྒྱུ་ཡིན། བོད་ཡིག་བེད་སྤྱོད་བྱེད་པའི་ཚད་གཞི་དེ་རྒྱལ་ཁབ་ཀྱི་ཚད་གཞི་དཔྱད་གཞིར་འཛིན་པ་དང་ཆབས་ཅིག་བོད་ཀྱི་སྐད་ཡིག་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བོད་ཡིག་གི་སྲོལ་རྒྱུན་བརྡ་སྤྲོད་ཀྱི་ལུགས་ལྟར་ལག་བསྟར་ནན་མོ་བྱ་རྒྱུ་ཡིན། རྒྱ་བོད་ཤན་སྦྱར་མིང་གཏེར་ཆེན་མོ་ནི་ཚན་རིག་རང་བཞིན་དང་དངོས་སྤྱོད་རང་བཞིན། དབང་གྲགས་རང་བཞིན་བཅས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་ཚིག་མཛོད་ཆེ་གྲས་ཤིག་ཏུ་གཏོད་རྒྱུའི་བརྩོན་ལེན་བྱེད་བཞིན་ཡོད།

        རྒྱ་བོད་ཤན་སྦྱར་མིང་གཏེར་ཆེན་མོའི་ནང་བོད་འབྲེལ་ས་ཁུལ་གྱི་ལས་རིགས་ཁག་དང་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཐོན་སྐྱེད་དང་འཚོ་བ་དང་སློབ་སྦྱོང་ཁྲོད་རྒྱུན་དུ་སྤྱོད་པའི་སྤྱིར་བཏང་རིགས་ཀྱི་ཐ་སྙད་དང་དེ་བཞིན་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་ཁྱབ་ཁོངས་ཀྱི་ཐ་སྙད་གསར་པ་དང་བོད་འབྲེལ་ཐ་སྙད་གསར་པ་བསྡུ་རྒྱུ་ཡིན་ལ། ཚིག་མཛོད་དེས་དངོས་སྤྱོད་རང་བཞིན་དང་དུས་རབས་རང་བཞིན་གང་ལེགས་མཚོན་པར་མ་ཟད། ཚིག་བསྡུ་གྲངས་དང་སྤུས་ཚད། ཁྱབ་ཁོངས་བཅས་ཐད་རྒྱ་བོད་ཤན་སྦྱར་གྱི་ཚིག་མཛོད་ཀུན་གྱི་རྩེ་གྲ་གཏོད་རྒྱུ་དམིགས་འབེན་དུ་བཟུང་ཡོད་ལ། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ལས་གཞིའི་བླང་བྱ་ལྟར་རྒྱལ་ཡོངས་ཀྱི་བོད་རིག་པའི་རིགས་གཅིག་མཁས་ཅན་དང་མཁས་དབང་རྩ་འཛུགས་བྱས་ནས་ལོ་གསུམ་ནང་རྩོམ་སྒྲིག་དང་དཔེ་སྐྲུན་གྱི་ལས་འགན་ལེགས་གྲུབ་ཡོང་བ་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1