སི་ཁྲོན་གྱི་འགོ་ཁྲིད་འདི་ཏང་དང་ལས་གནས་ནས་ཕུད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 02-27


        ཉིན་ཤས་གོང་། སི་ཁྲོན་ཞིང་ཨུའི་ཆོག་མཆན་ཐོབ་པ་བརྒྱུད། སི་ཁྲོན་ཞིང་ཆེན་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་གྱིས་ཙེ་ཀུང་གྲོང་ཁྱེར་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་། ཀྲུའུ་ཞི་ཡའོ་ཁའེ་ཞུས་ཡི་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཚབས་ཆེན་ལ་གྱོད་ཐོ་བཀོད་ནས་བརྟག་དཔྱད་བྱས་པ་རེད།

        ཞིབ་བཤེར་བྱས་པ་བརྒྱུད། ཡའོ་ཁའེ་ཞུས་ཡི་ཕུགས་བསམ་དང་དད་སེམས་ཉམས་པ་དང་། སྒྲིག་ཁྲིམས་ཀྱི་འདུ་ཤེས་ཞན་པ། ཏང་ལ་བློ་དཀར་སེམས་དཀར་གྱི་བསམ་པ་མེད་པ། སྒྲིག་ཁྲིམས་དང་བཅའ་ཁྲིམས་ལ་གུས་པའི་བསམ་པ་མེད་པ། རྩ་འཛུགས་ལ་དྲིན་ཚོར་གྱི་བསམ་པ་མེད་པ། རྩ་འཛུགས་ལ་མགོ་སྐོར་གཏོང་བ། རྩ་འཛུགས་ལ་ངོ་རྒོལ་བྱེད་པ་བཅས་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་ཏེ། དྲང་གཞག་ངང་གཞུང་དོན་སྒྲུབ་པར་ཤུགས་རྐྱེན་ཐེབས་པའི་ལེགས་སྐྱེས་དངུལ་དང་། དྲང་གཞག་ངང་གཞུང་དོན་སྒྲུབ་པར་ཤུགས་རྐྱེན་ཐེབས་པའི་ཡུལ་སྐོར་བཀོད་སྒྲིག་དང་ལེན་བྱས་པ། སྒྲིག་འགལ་ངང་སྒེར་གྱི་འདུ་གནས་སུ་སྐྱོད་པ་བཅས་དང་། རྩ་འཛུགས་ཀྱི་རྩ་དོན་དང་འགལ་ནས་རྩ་འཛུགས་ཀྱི་ཡིག་སྐུར་འདྲི་རྩད་སྒྲིག་འཛུགས་བྱེད་སྐབས་གནད་དོན་ཇི་མ་ཇི་བཞིན་གསལ་བཤད་མི་བྱེད་པ། ལས་བྱེད་པ་གནས་བསྒྱུར་བསྐོ་གཞག་སོགས་ཀྱི་ལས་དོན་ཁྲོད་སྒྲིག་འགལ་ངང་རང་ཉིད་དང་མི་གཞན་ལ་ཁེ་ཕན་དོན་གཉེར་བྱེད་པ། སྒྲིག་སྲོལ་ལས་འགལ་ཏེ་ཁེ་གཉེར་གྱི་བྱེད་སྒོ་སྤེལ་བ་དང་། འགན་དབང་སྤྱད་དེ་བུ་ཕྲུག་གི་གཉེར་སྐྱོང་བྱེད་སྒོར་ཁེ་ཕན་གཉེར་བ། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བ་དང་། ནག་སྤྱོད་སྟོབས་ཤུགས་ལ་“འགེབས་སྲུང་”བྱེད་པ། སྤྱི་པའི་དབང་ཆ་དེ་སྒེར་གྱི་ཁེ་ཕན་གཉེར་བའི་ལག་ཆར་བརྩིས་ནས། “མཐའ་བསྐོར་ནས་རྔོན་རྒྱག”འདོད་པ་དང་། གོ་གནས་ཀྱི་སྟབས་བདེ་སྤྱད་དེ་མི་གཞན་ལ་ས་ཁང་ཐོན་ལས་གསར་སྤེལ་དང་། མ་དངུལ་གཏོང་སྤྲོད། མི་དོན་བསྐོ་འཐེན་སོགས་ཀྱི་ཐད་ཁེ་ཕན་དོན་གཉེར་བྱེད་པ་དང་འབྲེལ་རྒྱུ་ནོར་བླངས་ལ་གྲངས་འབོར་ཤིན་ཏུ་མང་བ་རེད།

        ཡའོ་ཁའེ་ཞུས་ཏང་གི་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་ནས་ལས་གནས་ཐོག་ཁྲིམས་འགལ་གྱི་ཉེས་པ་བསགས་པ་མ་ཟད། ལྐོག་རྔན་བླངས་པའི་ཉེས་པ་བསགས་པའི་དོགས་གཞིའང་ཡོད་ལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་རང་ཚོད་མི་ཟིན་པ་དང་། མཚམས་མི་འཇོག་པ། ངོ་བོ་ཚབས་ཆེ་བ། ཤུགས་རྐྱེན་ངན་པ་བཅས་ཡིན་པས་ཐག་གཅོད་ནན་པོ་བྱེད་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་གི་ལས་དོན་མི་སྣའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། སི་ཁྲོན་ཞིང་ཆེན་སྒྲིག་ཨུ་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་འབྲེལ་ཞིང་ཨུ་ལ་ཆོག་མཆན་ཞུས་རྗེས། ཡའོ་ཁའེ་ཞུས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ་དང་། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་དེར་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ། དེའི་ཁྲིམས་འགལ་ལུགས་དཀྲུག་གི་ཐོབ་ཆ་རྩིས་ལེན་བྱ་རྒྱུ། དེའི་ཉེས་བསགས་དོགས་གནད་ཡོད་པའི་གནད་དོན་རྣམས་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་དང་ཁྲིམས་སྦྱོར་བྱ་རྒྱུར་སྐྱེལ་སྤྲོད་བྱ་རྒྱུ་དང་། དེ་དང་འབྲེལ་བ་ཡོད་པའི་རྒྱུ་ནོར་མཉམ་དུ་སྐྱེལ་སྤྲོད་བྱ་རྒྱུ་བཅས་ཀྱི་ཐག་བཅད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1