༄༅།།གནས་ཆེན་བྲག་དཀར་སྤེལ་རྫོང་།

བྲག་སྒོམ་པ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།དགེ་ལུགས་པའི་དྲ་བ་ལས་དྲངས། སྤེལ་དུས། 03-02


  ཧང་ངེ་བྱ་མདོའི་དགོན་དང་ཉེ་བར་སྤེལ་ཐང་དུ། ཙ་རི་དང་བྱིན་རླབས་མཉམ་པར་གྲགས་པའི་གནས་ཆེན་བྲག་དཀར་སྤེལ་རྫོང་ནི། དེའི་དཀར་ཆག་འབྲི་ཁུང་དབུར་སྨྱོན་ཆོས་ཀྱི་གྲགས་པ། མཚན་གཞན་རིག་འཛིན་དཀོན་མཆོག་བསྟན་སྐྱོང་བཟང་པོས་ཀར་མའི་གསུང་རྒྱུན་བཞིན་བསྒྲིགས་པ་ལས། མ་འོངས་སྙིགས་མ་ལྔ་ཡི་དུས།།སློབ་དཔོན་པད་མ་འབྱུང་གནས་ཉིད།།ཁྲི་གཤོག་རྒྱལ་མོའི་མཚོ་ལ་ཕེབས།།མཚོ་མཐའ་གཡེར་མོ་ཐང་གི་དཀྱིལ།།དམ་སྲི་སྤུན་དགུ་དམ་ལ་བཏགས།།བླ་གཏེར་ཆོས་གཏེར་མང་དུ་སྦས།།གནས་སྒོ་ཆོས་སྒོ་གསལ་བར་མཛད། དེ་ནས་སྲོད་དང་ཐོ་རངས་ལ།།སྲིན་པོ་ཁྲག་གི་རལ་བ་ཅན།།སྲིན་མོ་མི་སྡུག་མཆེ་བ་ཅན།།དེ་གཉིས་བཅས་པའི་འདྲེ་སྲིན་བདུན།།བྲོས་ནས་སྤྲེལ་རྫོང་བྲག་ལ་གནས།།བྲག་ཕུག་སྒྲུབ་པ་མཛད་པ་དང་།།སློབ་དཔོན་དབང་དྲག་འབར་བ་ཡིས།།ཏིང་ངེ་འཛིན་ལ་བཞུགས་པའི་ཚེ།།སྲིན་པོས་བྲག་སྒོ་ཕ་བོང་བཀབ།།རྡོ་རྗེ་གསོར་བས་སྟེང་ནས་བྱོན།།ཏིང་འཛིན་ཐུགས་ཀྱིས་ངང་ནས་ཀྱང་།།འདུས་མོའི་རྫོང་གི་གཡོན་ཕྱོགས་ཀྱི།།བྲག་སྟོད་མེ་ལྕེ་མཆེད་འདྲ་ལ།།བྲག་ཞབས་མུན་པ་འཁྲིགས་པ་ཡི།།མཚམས་སུ་ལྡང་ནས་ཡོད་པ་ལ།།གནམ་ལྕགས་རྡོ་རྗེ་བརྒྱབ་ནས་ཀྱང་།།ཐལ་བའི་རྡུལ་ཕྲན་བཞིན་དུ་བརླགས།།དེ་ལྟར་བསྒྲལ་བའི་རྗེས་ཤུལ་དང་།།སྲིན་པོ་ཕོ་གདོང་མོ་གདོང་སོགས།།ད་ལྟ་མངོན་སུམ་གསལ་བར་ཡོད། སྲིན་པོ་ཡིད་ཀྱིས་སྨོན་ལོག་བྲོ།།དེ་ཡི་དབང་གིས་མ་འོངས་དུས།།སྲིན་པོས་སྤྲུལ་བའི་མི་རྣམས་འགས།།ཆོས་དང་ཡི་གེ་སྒྲོགས་པ་དང་།།བསྟན་པ་གནོད་བྱེད་ཚུལ་འཆལ་རྣམས།།མི་སྙན་སྣ་ཚོགས་བྱེད་པ་དང་།།བཤན་པ་ལག་དམར་ཡུལ་འགའ་ཕུང་།།དེ་ཉིད་འདུལ་བའི་གཉེན་པོ་རུ།།སློབ་དཔོན་སྤྲེལ་རྫོང་བྲག་དཀར་གྱི།།ཡང་རྫོང་བྲག་གི་ཕུག་ཏུ་བཞུགས།།རྡོ་རྗེ་ཀློ་དཀར་ཕོ་བྲང་ནས།།སྒྲུབ་པ་མཛད་ནས་བཞུགས་པའི་ཚེ།།ལུས་པོ་མི་ཡི་ལུས་པོ་ལ།།མགོ་བོ་སྤྲེལ་གྱི་མགོ་ཅན་བྱུང་།།གནས་འདིའི་སྲུང་མ་ང་ཡིན་ཟེར།།དམ་ལ་བཏགས་ནས་བསྟན་བསྲུང་བཅོལ།།དབང་བསྐུར་དམ་བཏགས་མཚན་གསོལ་བ།།གཉེན་སྤྲེལ་ཟླ་བ་ཆེན་པོའོ།།དེ་ནས་པདྨ་འབྱུང་གནས་ཀྱིས།།མ་འོངས་དམ་སྲི་སྲིན་པོ་ཡི།།གནོད་པ་མི་འབྱུང་སྨོན་ལམ་བཏབ།།གཏེར་ཁ་ལ་སོགས་མང་དུ་སྦས།།བསྒྲུབ་པའི་གཏོར་མ་བརྒྱབ་པའི་ཚེ།།ཞབས་བྲོལ་སོགས་མཛད་པ་ཡི།།ཞབས་རྗེས་བྲག་ལ་མང་དུ་བྱུང་།།ཕྱོགས་བཞིའི་བྲག་ལ་ཞབས་རྗེས་བཞག །ལུང་གསུམ་འདུས་པའི་སྤྲེལ་རྫོང་བྲག་དཀར་འདི།།སྔོན་དུས་སྲིན་པོ་འདུལ་བའི་གནས་ཡིན་པས།།མཐའ་འདུལ་གནས་ཀྱི་ནང་ནས་ཆེ་བ་འོ། ༈ །གནས་མཆོག་རྡོ་རྗེ་ཀློ་དཀར་གསལ་བའི་ནང་།།རིགས་ལྔ་ས་བོན་དབུ་མ་རོ་རྐྱང་ཚུལ།།སྐུ་གསུམ་ཡི་གེ་རིགས་དྲུག་སྐྱེ་སྒོ་གཅོད།།གུ་རུ་སིད་རྡྷི་རང་བྱོན་འབུར་དོད་བཞུགས།།དེའི་ནང་སྟོད་ལ་བདེ་གཤེགས་དཀྱིལ་འཁོར་ཁང་།།འགྲོ་ན་ལུས་རྒྱན་བཀྲོལ་ནས་གོས་སྲབ་གྱོན།།མར་མེ་དཔལ་འབར་བཟུང་ནས་སོང་གྱུར་ཏེ།།སྟེང་གི་ནམ་མཁའ་དག་ལ་མཇལ་བ་ན།།བདེ་མཆོག་གསང་འདུས་ཀྱཻ་རྡོར་འཇིགས་བྱེད་སོགས།།རྒྱུད་སྡེ་བཞི་ཡི་དཀྱིལ་འཁོར་འབུར་དོད་བཞུགས།།དེ་ནས་ཕྱིར་བུད་གཡོན་གྱི་ཕྱོགས་སོང་དང་།།དག་པ་ཤྲིའི་ཤེལ་གྱི་ཕུག་པ་ཡོད།།མར་མེ་དཔལ་འབར་གསལ་ནས་དེར་སོང་དང་། དག་པ་མཁའ་སྤྱོད་དཔལ་གྱི་ཙ་རུ་ཏྲ།།མངོན་སུམ་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་།།རང་བྱུང་འབུར་དུ་བྱོན་ནས་བཞུགས་པ་ལ།།རོང་ཆེན་བཞི་དང་མཚོ་བཞི་རང་བྱོན་བཞུགས།།ལྷ་ཚོགས་ཉིས་སྟོང་བརྒྱད་བརྒྱ་འབུར་དོད་བཞུགས།།རྩེ་ལ་མཁའ་འགྲོ་གདོང་ཆེན་བཞི་སོགས་གསལ།།མཐོང་བ་ཙམ་གྱིས་ངན་སོང་སྒོ་མོ་འགགས།།དེ་ནས་ཕྱིར་བུད་སྔར་ལྟར་མར་མེ་དང་།།ཤིང་རིང་རྩེ་ལ་དཔལ་འབར་གསལ་བོར་བྱེད།།གོང་དུ་སོང་དང་ཁང་བརྩེགས་གསུམ་ཚད་ལ།།བདེ་གཤེགས་ཐུགས་སྤྲུལ་བྱ་ཁྱུང་ག་རུ་ཊ།།དབུ་གཟེངས་བར་སྣང་དག་ལ་འཕྱོ་བ་ལ།།རྭ་ཕྲག་ཡིད་བཞིན་ནོར་བུས་སྤྲས་པ་ཡི།།ནོར་བུ་མཐོང་བས་དབུལ་ཕོངས་སྡུག་བསྔལ་སེལ།།གཤོག་པ་གཡས་གཡོན་ཕྱོགས་སུ་བརྒྱང་བ་ལ།།ཕྱག་ཞབས་མཇུག་སྒྲོ་ལ་སོགས་གསལ་བར་བཞུགས།།མཐོང་བ་ཙམ་གྱིས་ཀླུ་དང་ས་བདག་སོགས།།གདུག་པའི་ནད་རིགས་ཀུན་ལས་གྲོལ་བར་འགྱུར།།ཁྱུང་གི་གཡས་ཕྱོགས་སངས་རྒྱས་སྟོང་སྐུ་བཞུགས།།གཡོན་ཕྱོགས་འབྲི་གུང་འཇིག་རྟེན་གསུམ་མགོན་བཞུགས།།དེ་ཡི་གཡས་ཕྱོགས་ཕུག་པའི་ལོགས་ངོས་ཀྱི།།ཞབས་རྗེས་སྟེང་ནས་དཔལ་འབར་ཡར་ལ་བསྟན།།དཀྱིལ་འཁོར་ཞབས་ནས་ཡར་ལ་མཇལ་བ་དང་།།འོག་མིན་ཆོས་དབྱིངས་ཕོ་བྲང་ངོ་མཚར་ཆེ།།ཕྱོགས་བཞི་དབུས་ལྔ་རྒྱལ་བ་རིགས་ལྔ་བཞུགས།།དབུས་དང་ཕྱོགས་མཚམས་ཆེ་མཆོག་རིགས་ལྔ་བཞུགས།།འདི་ལ་མཐོང་ཚུལ་སྣ་ཚོགས་འབྱུང་བར་འགྱུར།།དེ་ཡི་ཕྱི་ལོགས་ངོས་ཀྱི་བྲག་ངོ་ལ།།ཨུ་རྒྱན་པད་མ་འབྱུང་གནས་གསལ་བར་བཞུགས།།དེ་ཡི་གཡོན་ཕྱོགས་བཀའ་བརྒྱད་སྒྲོམ་བུའི་ཚུལ།།ཆོས་འཁོར་གདུགས་དང་ཏོག་གིས་མཛེས་པ་ལ།།ཞི་ཁྲོ་དམ་པ་རིགས་བརྒྱ་གསལ་བར་བཞུགས།།དེའི་གཡོན་ཁྲོ་བོ་བཅུ་སོགས་གསལ་བར་ཡོད།།དེའི་གཡོན་དཔལ་ལྡན་ལྷ་མོ་གསལ་བར་བཞུགས།།ཟུར་གྱི་ཕུགས་ལ་ཨུ་རྒྱན་སྒྲུབ་ཆུ་བཞུགས།།འཐུང་དང་ཁྲུས་བྱས་ནད་གདོན་སྡིག་སྒྲིབ་དག །འདི་ཉིད་ཕུག་ལ་གནས་སྒོ་འདི་གསུམ་གསལ།།དེ་ནས་ཕྱིར་ཐོན་སྒོར་སོང་གཡས་གཡོན་གྱི།།སྒོ་འགྲམ་ཕྱི་རིམ་རྒྱལ་ཆེན་སྡེ་བཞི་ཡོད།།དེ་ཡི་ལོགས་གཅིག་གཡོན་གྱི་ལུང་པ་ལ།།ཕུག་སྒོ་ཤར་ལྷོ་མཚམས་སུ་ལྟ་བ་ཡོད།།དེ་ཡི་སྟེང་ནས་ཡར་བལྟས་མཇལ་བ་ན།།སྟག་སྒྲོལ་ཐིག་ལེ་བརྒྱད་ཅུའི་དཀྱིལ་འཁོར་བཞུགས།།སྒོ་ངོས་གཡས་ལ་གླང་པོ་རིན་ཆེན་དང་།།སྒོ་ཡི་སྟེང་ན་ཇོ་བོ་བཅུ་གཅིག་ཞལ།།པད་མ་འབྱུང་གནས་བདུད་རྩི་འཁྱིལ་བ་དང་།།རྗེ་བཙུན་མི་གཡོ་ལ་སོགས་གསལ་བར་བཞུགས།།ཟུར་གྱི་ངོས་ལ་ཚེ་དཔག་མེད་མགོན་དང་།།རྡོ་རྗེ་ཕག་མོ་ལ་སོགས་གསལ་བར་བཞུགས།།སྒོ་ཟུར་ཡེལ་ཁའི་ཚུལ་གྱིས་རྡོ་ལ་བརྡུང་།།ལྷ་གནས་ཀུན་ཏུ་བསྒྲག་པའི་འཇལ་དང་མཚུངས།།ཟུར་ནས་ཀས་གདོང་གོང་ལ་ཡར་མཇལ་ན།།སྤྱན་རས་གཟིགས་དང་ཆོས་མཆོག་གསལ་བ་དང་།།གཟའ་མཆོག་རྭ་ཧི་ལ་ནི་གསལ་བར་ཡོད།།གནས་དེའི་སྒོ་རྣམས་སྐབས་ཤིག་དབྱེ་བར་འགྱུར།།སྒོ་ངོས་མཐོང་ལ་མར་བ་ལོ་ཙཱ་དང་།།དམ་པ་སངས་རྒྱས་པ་སོགས་གསལ་བར་བཞུགས།།སྒོ་འགྲམ་བར་མཚམས་སྟེང་ནས་ཨུ་རྒྱན་གྱི།།ཞབས་རྗེས་རྡོ་ཡོད་དེ་ལ་གུས་པར་མཛོད།།དེ་ནས་སྒྲིབ་ཀྱི་ངོས་ལ་ཕུག་པ་ནི།།ཞལ་གྱི་སྒོ་ཕྱོགས་བྱང་ལ་ལྟ་བ་ཡོད།།དེར་སོང་མར་མེ་དཔལ་འབར་སོགས་ཁྱེར་ན།།སློབ་དཔོན་པདྨ་འབྱུང་གནས་ལྷུང་བཟེད་ལ།།རྒྱ་ཡིག་རང་བྱོན་མངོན་སུམ་གསལ་བར་ཡོད།བསྐལ་བ་ཡར་དར་ཁ་ཡར་བསྟན་ནས་ཡོད།།དེ་འོག་བསྐལ་བ་བར་སྐགས་ཁ་བཟུར་ཡོད།།ད་ལྟ་བསྐལ་བའི་སྙིགས་མར་སྦུབ་ནས་བཞུགས།།དུས་དང་བསྐལ་བའི་རྟགས་སོགས་དེ་ལས་བསྟན།།དེ་ནས་སོང་བར་གཤོང་ལ་མཚོ་འཁྱིལ་ཡོད།།དེ་ཡི་ཐུར་ནས་ཡར་ལ་སོང་བའི་དུས།།མཁའ་འགྲོས་ཕུལ་བའི་ཚོགས་དང་མཆོད་པ་ཡོད།།དེ་ཡི་མདུན་ངོས་ཨུ་རྒྱན་བཞུགས་ཁྲིའི་ཚུལ།།དེ་ཡི་འོག་ཏུ་དཔལ་འབར་གསལ་བ་ལ།།གཏེར་གྱི་སྒྲོམ་བུའི་སྟེང་དུ་གཏེར་ཡིག་གསལ།།དེ་ནས་ཕར་སོང་གཡོན་ཕྱོགས་ལོགས་ངོས་ལ།།ཤེལ་གྱི་བྲག་ལ་གཡུ་མདོག་ཆགས་པ་ཡོད།།དེ་དཀྱིལ་སྟེང་ལ་སངས་རྒྱས་སྨན་བླ་ཡི།།བཻཌཱུརྻ་ཡི་ལྷུང་བཟེད་ངོས་བཞིའི་ནང་།།རིན་ཆེན་སྣ་ཚོགས་སྨན་གྱིས་བཀང་ནས་ཀྱང་།།རིན་ཆེན་གསེར་དངུལ་སྒྲོམ་བུའི་ནང་དུ་རྫོངས།།རྒྱ་ནི་རིམ་པ་བདུན་གྱིས་བཏབ་ནས་བཞུགས།།རེག་མཐོང་མུ་གེ་ནད་ལས་གྲོལ་བར་འགྱུར།།སྟེང་ཕྱོགས་གཡོན་ངོས་རང་བྱོན་འབུར་དོད་དུ།།སངས་རྒྱས་སྨན་བླ་མཆེད་བརྒྱད་གསལ་བོར་བཞུགས།།དུག་གསུམ་ནས་སེལ་སངས་རྒྱས་སྨན་གྱི་བླས།།བཞི་བརྒྱ་རྩ་བཞིའི་ནད་ཀུན་གྲོལ་བར་བྱེད།།དེ་ནས་ཡར་སོང་ཕུག་པའི་སེ་ངོས་ལ།།ཕུག་པ་ཅུང་ཙམ་ཡོད་པ་དེར་སོང་དང་།།ཕྱོགས་རྣམས་ཀུན་ལ་ལྷ་ཚོགས་རང་བྱོན་བཞུགས།།སྐྱེས་བུ་ལས་ངག་རྣམས་ཀྱིས་མཐོང་བར་འགྱུར།།ཕལ་བ་རྣམས་ཀྱིས་དེ་ཉིད་མཐོང་བ་དཀའ།།དེ་ནས་ཕྱིར་ཐོན་གཡོན་གྱི་ངོས་ཕྱོགས་ན།།ཕུག་སྒོ་ཤར་ལྷོ་མཚམས་སུ་ལྟ་བ་ཡོད།།དེ་ལ་མར་མེ་དཔལ་འབར་གསལ་ཁེར་ན།།ལམ་གྱི་གཡས་ཕྱོགས་བྲག་གི་ངོས་ལོགས་ལ།།དྲག་པོ་ཕུར་བ་ཕུར་སྲུང་བཅུ་དྲུག་བཞུགས།།དེ་ནས་ཡར་ལ་རིམ་གྱིས་སོང་བའི་ཚེ།།གཡོན་ཕྱོགས་ངོས་ལ་རྒྱུས་ཡོད་ཀྱིས་བལྟས་ན།།གཙུག་ལག་ཁང་དང་གཞལ་ཡས་ཁང་གྲུབ་ལ།།རྟ་བབས་སྒོ་ཁང་ཀ་བ་བཞི་སོགས་གསལ།།ཆོས་འཁོར་གདུགས་དང་རྒྱལ་མཚན་གསལ་བའི་དབུས།།ཐུབ་པ་གནས་བརྟན་བཅུ་དྲུག་ལྷུན་གྲུབ་བཞུགས།།སྒོ་འགྲམ་རྒྱལ་ཆེན་སྡེ་བཞི་གསལ་བར་བཞུགས།།ཕུག་ལམ་འདོད་འཇོ་བ་ཡི་ནུ་མ་ཡོད།།ལས་ཅན་རྣམས་ལ་འོ་མ་དངོས་སུ་ཡོད།།འགྲོ་བ་གང་གི་ཁོང་དུ་དེ་སོང་ན།།ཚེ་འདི་འདོད་པའི་དོན་རྣམས་ཡིད་བཞིན་འགྲུབ།།དེ་ཡི་ཕུག་སོང་འདོམ་གསུམ་བབས་མཚམས་ན།།དབྱར་གྱི་དུས་སུ་ཆུ་འཁྱིལ་ལམ་མི་ཐར།།སྟོན་དང་རྒྱུན་དུ་སོང་ན་ཐོན་ཙམ་ཡོད།།དེ་ན་གནས་སྒོ་གཏེར་ཁ་འགའ་ཞིག་ཡོད།།དེ་ནས་ཕྱིར་བུད་ལམ་གྱི་སྒོ་འགྲམ་ལ།།གཡས་ཕྱོགས་བར་དོའི་འཕྲང་ལ་འཛུལ་བུད་ན།།ཕྱི་མ་བར་དོའི་དངངས་སྐྲག་ཞི་བར་འགྱུར།།ཕར་ཚུར་བྲག་གི་ངོས་ལ་གནས་སྒོ་མང་། དེ་རྣམས་གཏེར་ཁ་མང་དུ་ཡོད་པ་ལ།།མཇལ་བའི་སྐལ་བ་རང་རང་ལས་ཀྱིས་ཤེས།།ཤར་གྱི་གནས་འདིའི་སྒོ་ལ་འོང་བའི་དུས།།སྒོ་འགྲམ་གཡས་དང་གཡོན་གྱི་བྲག་རི་ནི།།དར་དཀར་ཡོལ་བ་འཐེན་འདྲ་གཉིས་ཀྱི་བར།།ནམ་མཁའ་མཐོང་ཙམ་ཡོད་པའི་གཡས་ཕྱོགས་ངོས།།ལྷོ་ངོས་ལུང་པ་མགོ་བྱང་བསྟན་པ་ཡོད།སོང་དང་བྲག་ཀྱང་དར་ཕྱག་འདྲ་བའི་གནས།།ཕུག་པ་ཁ་ནི་ལྷོ་རུ་བལྟ་བ་ཡོད།།དཔལ་འབར་གསལ་བར་བྱས་ནས་མཇལ་བ་ན།།རྒྱ་བ་བྱམས་པ་ཉེ་བའི་སྲས་བརྒྱད་བཞུགས།།དེ་ནས་ཕྱིར་ཐོན་ལྷོ་ཕྱོགས་ངོས་ལོགས་སུ།།ལམ་ངོ་ཤེས་ཙམ་ཡོད་པ་དེར་སོང་ན།།ནུབ་ཕྱོགས་བྲག་དཀར་དར་ཕྱར་ལྟ་བུ་ཡོད།།དེའི་ངོས་ཕུག་པ་ཁ་ཤར་བལྟ་བ་ཡོད།།མར་མེ་གསལ་བར་བྱས་ནས་མཇལ་བ་ན། བདེ་བ་ཅན་གྱི་ཞིང་བཀོད་གསལ་བར་བཞུགས།།དེ་ཡི་ངོས་ལ་རང་བྱོན་མང་དུ་ཡོད།།དེ་ཕྱིར་སྐོར་ལམ་ཞུགས་ནས་གཡས་ངོས་ལ།།མཐོ་རིས་ཐར་བའི་ཐེམ་སྐས་ཞེ་དགུ་ལ།།གོམ་དོར་རེ་རེས་འཁོར་བ་རྒྱབ་ཀྱིས་ཕྱོགས།།དེར་ཐོན་གཡོན་ཕྱོགས་བྲག་ངོས་སྤྱན་རས་གཟིགས།།རིགས་ཀྱི་བུ་ཁྱོད་བདེ་བ་ཅན་དུ་འགྲོ།།ཞེས་གསུངས་ལུང་བསྟན་མོས་ལ་གསོལ་བ་ཐོབས།།རྒྱབ་ཕྱོགས་སྤང་དང་བྲག་གི་སྒོ་མཚམས་སུ།།ཕུག་སྒོ་ཡོད་པ་མར་མེ་གསལ་བྱས་ནས།།བཅོམ་ལྡན་རྣམ་སྣང་སེམས་དཔའ་བརྒྱད་འཁོར་བཞུགས།།དེ་ནས་ཚུར་ཐད་ལམ་ལ་འོང་བའི་དུས།།བྲག་ནག་འཇིགས་རུང་ཞིག་ཡོད་དེ་ཡི་སྟོང་།།ཨུ་རྒྱན་པདྨའི་་ཞབས་རྗེས་དངོས་སུ་ཡོད།།དེ་ནས་བྲག་གི་གོང་ནས་ཡར་སོང་ན།།བྲག་སྟོད་མེ་ལྕེ་འབར་འདྲ་ཡོད་གཤམ་ལ།།གཤིན་རྗེ་ཕོ་དོང་མི་དོང་འཇིགས་པ་ཡོད། འདྲེ་སྲིང་བསྒྲལ་བའི་རྗེས་ཤུལ་ལ་སོགས་ཡོད།།དེ་ཡི་སྐོར་ལམ་མཐའ་ཡས་བྲག་ཕུག་གསུམ། ངན་སོང་གསུམ་གྲོལ་གདོན་སྲི་དེ་ལ་འཛུལ།།དེ་ནས་ཡར་གོང་རྩེ་ལ་སོང་གྱུར་ན།།ཁྱད་པར་ཅན་གྱི་སྒྲུབ་གནས་མང་དུ་ཡོད།།ཕུག་པའི་དབུས་ལ་ཨུ་རྒྱན་བཞུགས་པ་ལ།མཆོད་བཤམ་ཕྱག་རྔ་སོགས་ཀྱི་རྗེས་རྣམས་ཡོད།།བྲག་དམར་རིན་ཆེན་ཤེལ་གྱི་གཞལ་ཡས་ཁང་།།རིགས་ལྔ་རིགས་གསུམ་དམ་པ་རིགས་བརྒྱ་བཞུགས།།རང་སྣང་དག་པ་རབ་འབྱམས་གཞལ་ཡས་སུ།།བཀའ་བརྒྱད་ལྷ་ཚོགས་བདུན་བརྒྱ་ཉི་ཤུ་བཞུགས།།ཕུག་པ་གཞན་ལ་རིགས་ལྔའི་ཞིང་ཁམས་བཞུགས།།ལྷ་ཚོགས་བཀོད་པ་དཔག་ཏུ་མེད་པ་བཞུགས།།གུ་རུ་མཚན་བརྒྱད་ལ་སོགས་གསལ་བར་བཞུགས། ཕྱི་ལ་རིགས་གསུམ་མགོན་པོའི་སྙིང་བོ་སོགས།།རང་བྱོན་ཡི་གེ་ལ་སོགས་གསལ་བ་བཞུགས།།བསྒྲུབ་པ་བཀའ་བརྒྱད་དཀྱིལ་འཁོར་ཡོངས་རྫོགས་ལ།།སྒྲོམ་བུ་དགུ་བསྐོར་གཏེར་གནས་མང་དུ་བཞུགས།།རྒྱུས་ཡོད་རྣམས་ཀྱིས་བལྟས་ནས་བླངས་གྱུར་ན།།སིནྡྷུ་ར་ཞེས་བྱང་སེམས་དཀར་དམར་ཡོད།།རང་རང་འདོད་པ་གང་དགོས་ལེན་རྒྱུ་ཡོད།།ལོ་རྒྱུས་གསོ་རིག་བཤད་རྒྱུད་འགྲེལ་བར་གསལ།།ནུབ་བྱང་མཚམས་སུ་ཐར་ལམ་ཐེམ་པའི་སྐས།།ལམ་གསུམ་བགྲོད་པས་སྒྲིབ་གསུམ་བྱང་བར་འགྱུར།།དེའི་ཐད་སྨད་ལ་གཤིན་རྗེ་ཆོས་རྒྱལ་དང་།།དམྱལ་བ་ཚ་གྲང་བདུད་སྲིན་སྒྲ་སྐད་སྒྲོགས།།བློ་གསལ་སྐྱེ་བོས་དཔྱད་ན་གསལ་བར་ཡོད།།འགྲོ་དུས་ཐལ་མ་གྱུར་བ་ཐེན་པར་བྱང་།།གནས་སྒོ་གཡོན་ཕྱོགས་རི་ཟུར་གདའ་བའི་གཤམ།།སྨན་ཆུ་བདུད་རྩི་རོ་དྲུག་ནུས་ལྡན་འབབ།།འཐུང་དང་ཁྲུས་བྱས་ཡོན་ཏན་བཅུ་བདུན་སྟེར།།ནད་གདོན་སྡིག་སྒྲིབ་འདག་པར་ཐེ་ཚོམ་མེད།།དེ་ནས་རི་ཟུར་ཕྱག་རྗེས་ལ་སོགས་དང་། རང་བྱོན་ཡིག་འབྲུ་རང་གིས་བལྟས་ན་གསལ།།གཡས་ཀྱི་ཕྱོགས་སུ་ཆུ་བཟང་བྲག་དཀར་ཞེས།།ཕོ་རི་དཔའ་བོ་རྣམས་ཀྱི་བཞུགས་གནས་ཡིན།།ལུང་པ་གཅིག་ལ་རྨ་ཆེན་སྦོམ་ར་དང་།།ཞབས་རྗེས་གསལ་བ་མི་ཕྱུགས་ནད་རིམས་གྲོལ།།གཡོན་གྱི་ཕྱོགས་ན་སྤེལ་མོ་བྲག་ཅེས་པ།།མོ་རི་དཔའ་བོ་རྣམས་ཀྱི་བཞུགས་གནས་ཡིན།།མདུན་གྱི་ཕྱོགས་སུ་ཞིང་སྐྱོང་རལ་བ་ཅན།།གཡོན་གྱི་ཕྱོགས་སུ་བཙུན་མོ་བྲང་དམར་མ།།གཉིས་པོ་བཀའ་སྲུང་ཞིང་སྐྱོང་ཡབ་ཡུམ་ཡིན།།ཞེས་འབྱུང་ལ། ཡིག་སྐྱོན་ཡིན་ནམ་དཔྱད་མི་བཟོད་པ་རེ་གཉིས་སྣང་བའང་སོར་གནས་སུ་བཀོད་ཅིང་།།ཕྱོགས་བཞི་མཚོ་བཞི་དང་།།མཚམས་བཞི་ལྷ་རི་གཉེན་པོ་བཞི་ནང་དུ་ཚུད་པའི་ཕྱི་བསྐོར།།བར་སྐོར་དཔག་ཚད་གསུམ།།ནང་བསྐོར་ད་ལྟའི་བསྐོར་ལམ་འདི་ལ་རྒྱང་གྲགས་དྲུག་གི་དབང་དུ་བྱས་པའི་བསྐོར་ཚན་དང་། ཕན་ཡོན་སོགས་མང་དུ་བཤད་སྣང་ཡང་ཚིག་ཚོགས་ལ་འཛེམས་ནས་མ་བྲིས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1