སྦྲག་སྲིད་ས་ཚིགས་ཀུན་ལ་ཁྱབ། མྱུར་སྐྱེལ་དངོས་པོ་གློག་ལྟར་མྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 03-02


        བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་ལེགས་པོ་མཐའ་མཚམས་མངགས་གཏོང་ཁང་གི་སོའོ་ཀྲང་གཞོན་པ་ཧོའུ་ཆང་གིས་འབྱོར་མ་ཐག་པའི་ཐུམ་སྒྲིལ་ཁ་ཕྱེ་བཞིན་ཡོད་པ་དང་། དེའི་ནང་། སྨྱུག་མའི་མྱུ་གུ་དང་། འབྲས་ཕྱེ་སོགས་བླུགས་ཡོད་ཅིང་དེ་ནི་ཕ་ཡུལ་སི་ཁྲོན་མན་ཡང་ནས་བསྐུར་བའི་ཞིམ་ཟས་རེད།

        མངགས་གཏོང་ཁང་གི་འགན་འཁུར་སའི་ཁྱབ་ཁོངས་ནི་གྲོག་རོང་ཞིག་ཡིན་པ་དང་། རྫོང་གྲོང་དང་ས་བབ་མཐོ་ཚད་སྨི་1000ལྷག་ཙམ་གྱི་ཧེ་བག་ཆོད་ཡོད། ཧོའུ་ཆང་གིས། ད་ཆ་དྲ་ཐོག་ནས་ཅ་ལག་མངགས་ཉོ་བྱས་ན་མགྱོགས་པོ་སྒོ་རྩར་སྐྱེལ་གྱི་འདུག་པས་ཧ་ཅང་སྟབས་བདེ་པོ་འདུག་ཅེས་བཤད།

        སྤྱི་ལོ་2021ལོའི་ལོ་མཇུག་ཏུ། བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་རྫོང་དང་ཤང་གྲོང་21ཚང་མར་སྦྲག་སྲིད་ས་ཚིགས་བཙུགས་པ་དང་། ལྷོ་ཁ་གྲོང་ཁྱེར་ས་གནས་ནོར་སྲིད་ནས་ཀྱང་མ་དངུལ་བཏང་སྟེ་མཐའ་མཚམས་རྫོང་གྲོང་གི་དམངས་གཉེར་མྱུར་སྐྱེལ་ས་ཚིགས་ལ་ཁ་གསབ་སྤྲད་ཡོད།

        མཚོ་སྣ་རྫོང་ནི་ལྷོ་ཁ་གྲོང་ཁྱེར་གྱི་མཐའ་མཚམས་རྫོང་གི་གྲས་ཤིག་ཡིན་པ་དང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ལས་བརྒལ་ཞིང་། ལོ་འཁོར་མོར་གནམ་གཤིས་གྲང་ངར་ཆེ་ཙམ་ཡོད།

        ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་ཀྲུང་ཐུང་མྱུར་སྐྱེལ་ས་ཚིགས་ཀྱི་འགན་ཁུར་བ་ཀུའོ་ལེ་ཡིས། ལོ་གཅིག་ནང་ཟླ་བ་དགུ་ཙམ་དགུན་ཁ་རེད་ཟེར་ཆོག་ཅིང་། ལག་པ་འཁྱག་སྦོས་ཐེབས་པ་དང་། མཆུ་ཏོ་གས་པ་སོགས་ནི་རྒྱུན་མཐོང་གི་སྣང་ཚུལ་ཙམ་ཞིག་རེད་ཅེས་དང་། ཁོང་གིས། ཅ་དངོས་སྐྱེལ་འདྲེན་བྱེད་པའི་ལམ་ཐིག་རྐྱང་པར་ཡང་སྤྱི་ལེ་240ཙམ་ཡོད་པ་དང་། སྨི་4000ཡན་གྱི་ལ་ཆེན་པོ་བཞི་བརྒལ་དགོས་པས། ཞོགས་པ་ཆུ་ཚོད་བདུན་པར་ཐོན་ན། དགོང་མོའི་ཆུ་ཚོད་དགུ་པར་གཞི་ནས་མྱུར་སྐྱེལ་ས་ཚིགས་སུ་འབྱོར་ཐུབ་ཅེས་བཤད།

        འདི་ལྟར། ཀུའོ་ལེ་ཡིས་ལས་ཀ་དེ་ལོ་དགུ་ཏག་ཏག་རྒྱུན་བསྐྱངས་གནང་ཡོད།

        རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྲིད་ཇུས་ལེགས་སྒྲིག་བྱས་རྗེས། མྱུར་སྐྱེལ་ལས་སྒོ་འཕར་སྣོན་དང་སླར་གསོ་ཆེན་པོ་བྱུང་བ་དང་། སྤྱི་ལོ་2023ལོའི་དཔྱིད་ཀ་ཤར་བ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་ཀྲུང་ཐུང་མྱུར་སྐྱེལ་ས་ཚིགས་ཀྱི་ལས་དོན་མི་སྣ་བཞི་པོས་ནམ་ཕྱེད་བར་ལས་ཀ་འཕར་མ་བྱེད་པ་དེ་ནི་རྒྱུན་གཏན་ཞིག་ཏུ་གྱུར་ཡོད།

        ད་ཆ། མཚོ་སྣ་རྫོང་དུ་ལས་ཀ་བྱེད་བཞིན་པའི་ས་ཕྱོགས་གཞན་གྱི་མི་རྣམས་ལ་ཕ་ཡུལ་ནས་བསྐུར་བའི་ཐུམ་སྒྲིལ་འབྱོར་ཐུབ་ཀྱི་ཡོད་ལ། ས་གནས་དེ་གའི་ཡུལ་མིས་ཀྱང་ཕྱི་ཕྱོགས་སུ་སློབ་སྦྱོང་དང་ལས་ཀར་ཕྱིན་པའི་ནང་མི་སྤུན་མཆེད་ལ་མཚོ་སྣ་རྫོང་གི་ཁྱད་ལྡན་ཐོན་རྫས་བསྐུར་ཆོག་གི་ཡོད།

        ཀུའོ་ལེ་ཡིས། རྙིང་པ་ཆགས་སླ་བ་དང་བཞུར་སླ་བའི་མར་ལྟ་བུ་ཡིན་ནའང་ང་ཚོས་མཁའ་ལམ་བརྒྱུད་ནས་བསྐུར་ཆོག མྱུར་སྐྱེལ་ལས་རིགས་གོང་འཕེལ་བྱུང་བས་གྲོང་མི་མང་པོ་ཞིག་བོད་ཀྱི་ལོ་གསར་སྐབས་དྲ་ཐོག་ནས་ཉོས་པའི་བོད་ཆས་གྱོན་རྒྱུ་བྱུང་ཡོད། མཚོ་སྣ་རྫོང་གི་ཇ་ལོ་དང་། གྲོ་མ། དབྱར་རྩྭ་དགུན་འབུ། ཕྱུར་བ་སོགས་ཁྱད་ལྡན་ཐོན་རྫས་ཀྱང་མྱུར་སྐྱེལ་བརྒྱུད་རྒྱལ་ཡོངས་སུ་བྲིན་འཚོང་བྱེད་ཀྱི་ཡོད་ཅེས་བཤད་ཡོད།

        གཞིས་རྩེ་གྲོང་ཁྱེར་ཀྲུང་ཐུང་མྱུར་སྐྱེལ་ས་ཚིགས་ཀྱི་སྤྱི་གཉེར་གཞོན་པ་ཧྥུ་ཤང་ཧྥུའུ་ཡིས། གཞིས་རྩེ་གྲོང་ཁྱེར་སྦྲག་སྲིད་མྱུར་སྐྱེལ་ལས་སྒོའི་འགྱུར་ལྡོག་ལ་བདེན་དཔང་བྱས་ཡོད། ཧྥུ་ཤང་ཧྥུའུ་ནི་སྤྱི་ལོ་2016ལོར་ཁྲུང་ཆིང་ནས་གཞིས་རྩེར་ཡོང་སྐབས་སྦྲག་སྲིད་མྱུར་སྐྱེལ་ལས་སྒོ་ཡག་པོ་མེད། སྐབས་དེ་དུས་གཞིས་རྩེའི་མང་ཚོགས་ཚོས་སྦྲག་སྲིད་མྱུར་སྐྱེལ་ལས་སྒོར་རྒྱུས་མངའ་དེ་ཙམ་མེད་པ་དང་། ཅ་དངོས་གང་འདྲ་བསྐུར་དགོས་མིན་དང་། གང་འདྲ་བྱས་ནས་ལེན་དགོས་མིན་ལ་སྤྱིའི་ཆ་ནས་རྒྱུས་མངའ་མེད། ཧྥུ་ཤང་ཧྥུའུ་ཡིས།  བོད་ལྗོངས་ཀྱི་སྦྲག་སྲིད་མྱུར་སྐྱེལ་ལས་སྒོ་ལོ་ཤས་རིང་གོང་འཕེལ་མྱུར་པོ་བྱུང་བ་དང་། ད་ཆ་གཞིས་རྩེ་གྲོང་ཁྱེར་གྱི་ཀྲུང་ཐུང་མྱུར་སྐྱེལ་ས་ཚིགས་སུ་ལས་མི་20ཙམ་ཡོད་པ་དང་། ཅ་དངོས་བསྐུར་ལེན་སོགས་བྱེད་མཁན་མང་ཚོགས་ཀྱང་ཧ་ཅང་མང་པོ་ཡོད། སྤྱི་ལོ་2023ལོའི་བོད་ཀྱི་ལོ་གསར་ནི་བྲེལ་འཚུབ་ཆེ་ཤོས་ཀྱི་ཉིན་ཞིག་ཡིན་པ་དང་། དྲ་ཚིགས་ནས་བསྐུར་ལེན་བྱས་པའི་ཐུམ་སྒྲིལ་གྱི་གྲངས་འབོར་ཁྲི་ལས་བརྒལ་ཡོད་ཅེས་གསུངས་ཡོད།

        བོད་རང་སྐྱོང་ལྗོངས་སྦྲག་སྲིད་དོ་དམ་ཅུས་ཀྱི་གྲངས་གཞི་ལས་མངོན་པར། སྤྱི་ལོ་2022ལོར། བོད་ལྗོངས་ཀྱི་སྦྲག་སྲིད་མྱུར་སྐྱེལ་ལས་སྒོའི་བསྡོམས་འབོར་དེ་དུང་ཕྱུར་གཅིག་དང་བྱེ་བ་བདུན་དང་ས་ཡ་བརྒྱད་དང་བརྒྱད་འབུམ་ཉིས་ཁྲི་ལྔ་སྟོང་དགུ་བརྒྱ་ཟིན་པ་དང་། མཐའ་མཚམས་སྦྲག་སྲིད་ཞབས་ཞུའི་དྲ་བ་དང་མངའ་ཁོངས་བརྒལ་བའི་མྱུར་སྐྱེལ་དྲ་བ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ནས་མཐའ་མཚམས་ཀྱི་རང་བྱུང་གྲོང་ཚོ་ཡོངས་རྫོགས་ལ་སྦྲག་སྲིད་ཞབས་ཞུ་སྤྱིའི་ཆ་ནས་ཁྱབ་ཡོད་པ་རེད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1