༄༅། །ཟས་རིགས་ཁག་གཅིག་མཉམ་དུ་བཟས་ཆོག་གམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། སྤེལ་དུས། 03-02



        རྒྱུན་དུ་མིའི་ལུས་ཁམས་ལ་མཁོ་བའི་འཚོ་བཅུད་ཕལ་ཆེ་བ་བཟའ་བཏུང་ནས་ཡོང་གི་ཡོད་པ་དང་། ཟས་རིགས་ཁག་གཅིག་ད་དུང་མཉམ་དུ་བསྲེས་ནས་བཟས་ན་འཚོ་བཅུད་དེ་བས་ཆེ་བ་ཡོད་མོད། འོན་ཀྱང་ཁག་གཅིག་གི་ངོ་བོ་དང་ཕན་ནུས་སོགས་མི་འདྲ་བས་མཉམ་དུ་བསྲེས་ན་འཚོ་བཅུད་གསབ་རྒྱུ་ལྟ་ཅི། དེ་ལས་ལུས་ཟུངས་ཀྱི་བདེ་ཐང་ལའང་གནོད་ཀྱི་ཡོད་པས། གཤམ་གྱི་ཟས་རིགས་འདི་དག་མཉམ་དུ་ཟ་རྒྱུ་མེད།

སྲན་ཁུ་དང་སྒོ་ང་མཉམ་དུ་ཟ་རྒྱུ་མེད།

        སྒོ་ངའི་ནང་གི་ཚི་ཅན་སྤྲི་དཀར་དང་སྲན་ཁུའི་གཤེར་མའི་སྤྲི་དཀར་གཉིས་མཉམ་དུ་འདྲེས་ན་གཉིས་ཀའི་འཚོ་བཅུད་ཤོར་འགྲོ་གི་ཡོད།

འབྲས་ཐུག་དང་འོ་རྩམ་མཉམ་དུ་ཟ་རྒྱུ་མེད།

        འོ་རྩམ་ལ་བཟའ་བཅའ་ཕལ་ཆེ་བར་འདུས་ཚད་ཉུང་བའི་འཚོ་རྒྱུ་ཀ་པ་འཛོམས་པོ་ཡོད་པ་དང་། འབྲས་ཐུག་སྐོལ་ཟིན་པའི་གྲུབ་ཆ་ནི་ཕིང་རྩམ་གྱི་ངོ་བོར་གྱུར་བས། ཕིང་རྩམ་གྱིས་འོ་རྩམ་གྱི་འཚོ་རྒྱུ་ཀ་པ་རྩ་མེད་བཟོ་ཡི་ཡོད་སྟབས་དེ་གཉིས་མཉམ་དུ་ཟ་རྒྱུ་མེད།

སྲན་ཁུ་དང་བུ་རམ་མཉམ་དུ་ཟ་རྒྱུ་མེད།

        བུ་རམ་ལ་སྐྱེ་ལྡན་སྐྱུར་རྒྱུ་འབོར་ཆེན་འདུས་ཡོད། དེ་སྲན་ཁུའི་ནང་གི་སྤྲི་དཀར་དང་འདྲེས་ན་དྭངས་སྙིགས་འབྱེད་སླ་བ་དང་སྤྲི་དཀར་གྱི་འཚོ་བཅུད་ཞན་དུ་འགྲོ་གི་ཡོད་པས་དེ་གཉིས་མཉམ་དུ་ཟ་རྒྱུ་མེད།

འོ་མ་དང་ཤིང་འབྲས་ཁུ་བ་མཉམ་དུ་འཐུང་རྒྱུ་མེད།

        འོ་མའི་ནང་སྤྲི་དཀར་ཕུན་སུམ་ཚོགས་པོ་ཡོད་མོད། འོན་ཀྱང་ཤིང་འབྲས་ནང་གི་སྐྱུར་རྩི་དང་འཕྲད་ན་འོ་མའི་སྤྲི་དཀར་གོང་བུ་སྒྲིལ་བའམ་དྭངས་སྙིགས་ཕྱེ་སྟེ་ལུས་པོས་འཇུ་དཀའ་བས་དེ་གཉིས་མཉམ་དུ་འཐུང་རྒྱུ་མེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1