ལོ་15ཡི་རིང་ལ་ལུང་གྲངས་མེད་བརྒྱབ་ནས་ཕྲུ་གུ་4500ལྷག་ཙམ་སྐྱེལ་བསུ་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 03-08


ལོ་15ཡི་རིང་ལ་ལུང་གྲངས་མེད་བརྒྱབ་ནས་ཕྲུ་གུ་4500ལྷག་ཙམ་སྐྱེལ་བསུ་བྱས་པ།

—— ཤིན་བོད་གཞུང་ལམ་གྱི“སློབ་སྲུང་རུ་ཁག”

སློབ་སྲུང་རླངས་འཁོར་རུ་ཁག་ཤིན་བོད་གཞུང་ལམ་དུ་སྐྱོད་བཞིན་པ།

མི་དམངས་ཉེན་རྟོག་པ་དང་སློབ་ཕྲུག་རྣམས་རྩེད་མོ་རྩེ་བཞིན་པ།

སླར་ཡང་ལོ་གཅིག་གི་སློབ་འགོ་ཚུགས་པའི་དུས་སུ་སླེབས་ཤིང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཁ་ཧྲེན་ས་ཁུལ་ཡེ་ཁྲེང་རྫོང་ཞི་ཧོ་ཤིའུ་ཤང་གི་ཕྲུ་གུ་200ལྷག་ཙམ་གྱིས་སྔ་ས་ནས་རྡོག་ཁྲེས་བསྡུ་གསོག་བརྒྱབ་སྟེ་ཨ་ཁུ་ཉེན་རྟོག་པས་ཁོ་ཚོ་བསུ་བར་ཡོང་བར་བསྒུགས་ནས་བསྡད་ཡོད།

ཞི་ཧོ་ཤིའུ་ཤང་ནི་ཐག་རིང་ལུང་ཁུག་ཏུ་གནས་པ་དང་རྫོང་གྲོང་དུ་སྐྱོད་པར་ཁ་ར་ཁེ་རུམ་རི་རྒྱུད་དུ་བསྐྲུན་པའི་ཤིན་བོད་གཞུང་ལམ་ལས་མེད། ལམ་བར་དུ་ས་བབ་མཐོ་ཚད་སྨི་3500ཡི་ཨག་རྩེ་མདའ་བརྒལ་དགོས་པ་ཕུད། ད་དུང་ཁུག་ཆ་60ལྷག་ཙམ་དང་གངས་བབས་ནས་འཁྱག་པ་ཐེབས་པའི་ལམ་དུམ་བརྒྱུད་དགོས་ཀྱི་ཡོད། 2008ལོར་སློབ་གྲྭ་ཟླ་སྒྲིལ་བཏང་བའི་དབང་གིས་ཤང་གི་ཕྲུ་གུ་རྣམས་རྫོང་གྲོང་གི་སློབ་འབྲིང་དུ་སྐྱོད་དགོས་ཀྱི་ཡོད། གལ་ཏེ་ལམ་ཐིག་གི་འགྲུལ་སྐྱེལ་རླངས་འཁོར་ལ་བསྡད་པའམ་ཡང་ན་ཁྱིམ་བདག་གིས་སྦག་སྦག་བཏང་ནས་བསུ་སྐྱེལ་བྱས་ན་དུས་ཚོད་རིང་པོ་འགོར་ལ་ཉེན་ཁའང་ཧ་ཅང་ཆེན་པོ་ཡོད་པ་རེད། ཡེ་ཁྲེང་རྫོང་སྤྱི་བདེ་ཅུས་ཀྱིས“སློབ་སྲུང་རུ་ཁག”བཙུགས་ནས། ལོ་ལྟར་སློབ་འགོ་ཚུགས་པའི་དུས་ཚོད་དང་གུང་གསེང་ལ་ཤང་གི་ཕྲུ་གུ་བསུ་སྐྱེལ་བྱེད་ཀྱི་ཡོད། ཕར་འགྲོ་ཚུར་འོང་བྱེད་ཐེངས་གཅིག་ལ་ལམ་ཐག་སྤྱི་ལེ་250ལྷག་ཙམ་ཟིན་གྱི་ཡོད།

“འདི་ལོ་མ་གཞི་བྱས་ནས་ཟླ་2ཚེས་13ཉིན་སློབ་འགོ་ཚུགས་ཀྱི་ཡོད་མོད། འོན་ཀྱང་ཁ་བ་ཆེན་པོ་བབས་པས། ང་ཚོས་ཕྲུ་གུ་ཚོ་སློབ་གྲྭར་སྐྱེལ་བའི་དུས་ཚོད་ནར་འགྱངས་མི་བྱེད་དཀའ་མེད་བྱུང”ཞེས་མི་དམངས་ཉེན་རྟོག་པ་ཧོ་ཧའེ་ཏུང་གིས་བརྗོད་པ་དང་། ཁོང་གིས“ང་ཚོས་གཟའ་འཁོར་གཅིག་གི་སྔ་སྣུར་དུ་ལམ་དུམ་ལ་ཉམས་ཞིབ་བྱས་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གང་ཡང་མི་ཐོན་པའི་འགན་ལེན་བྱས་པ་མ་ཟད། ཕྲུ་གུ་བསུ་སྐྱེལ་བྱེད་པའི་རླངས་འཁོར་ཆེ་གྲས་ཀྱི་ཁ་ལོ་བ་ནི་རླངས་འཁོར་བཏང་ནས་ཉུང་མཐར་ཡང་ལོ་15སོང་བ་ཞིག་བཀོད་སྒྲིག་བྱས་པ་ཡིན”ཞེས་བཤད་བྱུང་།

རླངས་འཁོར་རུ་ཁག་གིས་གཟབ་གཟབ་བྱས་ནས་ཆུ་ཚོད་3ལྷག་ཙམ་བསྐྱོད་མཐར་ཞི་ཧའེ་ཤིའུ་ཤང་དུ་འབྱོར། “ཉེ་བའི་ལོ་གཉིས་རིང་། ཨ་ཁུ་ཉེན་རྟོག་པས་ང་སློབ་གྲྭར་སྐྱེལ་བ་དང་ཁྱིམ་དུ་བསུ་ཡི་ཡོད་པས། རང་ཉིད་བློ་ཧ་ཅང་བདེ་པོ་འདུག”ཅེས་ཡེ་ཁྲེང་རྫོང་སློབ་འབྲིང་བཅོ་ལྔ་པའི་ལོ་རིམ་བརྒྱད་པའི་སློབ་མ་ཆི་མན་ཀུའུ་ལི་རའུ་ཙེས་བཤད།

སྤྱི་ལེ་100ལྷག་ཙམ་གྱི་རི་ལམ་དུ་ཆུ་ཚོད་4ལྷག་ཙམ་བསྐྱོད་པ་དང་། ཕྱི་དྲོའི་ཆུ་ཚོད་དྲུག་པ་ཡོལ་ཙམ་ལ་རླངས་འཁོར་རུ་ཁག་རྫོང་གྲོང་དུ་འབྱོར། ཕྲུ་གུ་ཚོ་སྤྲོ་སྣང་ལྡན་པའི་ངང་སློབ་གྲྭར་སྐྱོད་པ་མཐོང་སྐབས། ཧོ་ཧའེ་ཏུང་གི་སེམས་པ་གཞི་ནས་ལྷོད་ལ་བབས། ལམ་བུ་དེར་ཡེ་ཁྲེང་རྫོང་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པས་ལོ་15ལྷག་ཙམ་རིང་ཕྲུ་གུ་4500ལྷག་ཙམ་སྐྱེལ་བསུ་བྱས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1