ཧུང་ཡོན་རྫོང་གིས་བུད་མེད་དུས་ཆེན་གྱི་བྱེད་སྒོ་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་སྒྲ། སྤེལ་དུས། 03-10




ཧུང་ཡོན་རྫོང་གིས་བུད་མེད་ཀྱི་སེམས་པ་ཏང་ལ་ཕྱོགས་པའི་མདུན་སྐྱོད་ཀྱི་ལམ་བུ་གསར་བ་བཏོད་དེ་ལོ་འཁོར་113ལོན་པའི་རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་མཉམ་སྤྲོའི་བྱེད་སྒོ་སྤེལ།

        རྒྱལ་སྤྱིའི་གསུམ་བརྒྱད་བུད་མེད་དུས་ཆེན་ཐེངས་113པར་དྲན་གསོ་ཞུ་ཆེད། ཟླ་3ཚེས་7ཉིན། ཧུང་ཡོན་རྫོང་གིས་བུད་མེད་ཀྱི་སེམས་པ་ཏང་ལ་ཕྱོགས་མདུན་སྐྱོད་ཀྱི་ལམ་བུ་གསར་བ་གཏོད་ཞེས་པའི་རྒྱལ་སྤྱིའི་བུད་མེད་དུས་ཆེན་གྱི་མཉམ་སྤྲོའི་བྱེད་སྒོ་སྤེལ་ནས་ཨ་མཆོག་གྲོང་རྡལ་གྱི་བུད་མེད་འཐུས་མི་460ལྷག་ཙམ་གྱིས་རིག་རྩལ་འཁྲབ་སྟོན་གྱི་རྣམ་པའི་ཐོག་ནས་རྫོང་ཡོངས་ཀྱི་ཁྱབ་ཁོངས་ཁག་གི་བུད་མེད་ལ་དུས་ཆེན་གྱི་སྨོན་འདུན་ཞུས།

        མཉམ་སྤྲོའི་བྱེད་སྒོའི་ཐོག བུད་མེད་སྤུན་ཟླ་ཚོས་མཛེས་ཉམས་ཀྱི་སྟངས་སྟབས་དང་འགྱུར་ཁུག་སྙན་མོའི་གདངས་དབྱངས་ངོམ་བཞིན་དུས་ཆེན་གྱི་དགའ་བ་ལོངས་སུ་སྤྱོད་བཞིན་ཡོད་པ་དང་། ཉེ་བའི་ལོ་ཤས་རིང་གི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འབྲོག་ཁུལ་གྱི་འགྱུར་ལྡོག་དང་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བར་བྱུང་བའི་འཕོ་འགྱུར་གང་ལེགས་མངོན་པ། རྒྱ་ཆེའི་བུད་མེད་དང་ཁྱིམ་ཚང་གིས་ཏང་ལ་དགའ་ཞེན་དང་ཕ་ཡུལ་ལ་གཅེས་པའི་བརྩེ་དུང་ཟབ་མོ་སེམས་སུ་ཉར་ནས། དུས་རབས་གསར་བའི་འབྲོག་ཁུལ་བུད་མེད་ཀྱི་ཉམས་འགྱུར་གསར་བ་དང་གོ་རྟོགས་གསར་བ་མངོན་མཚོན་བྱེད་བྱས་པས་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ།

        སྨན་ཤར་བདེ་སྐྱིད་མཚོས་བཤད་རྒྱུར། ཉིན་ཤས་གོང་ང་ཚོས་དེ་རིང་གི་མཉམ་སྤྲོའི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་ཤེས་རྟོགས་བྱུང་བ་དང་། ངའི་ཨ་མས་ཤེས་རྗེས་རེ་སྒུག་ཆེན་པོ་བྱེད་ཀྱིན་འདུག ཁོང་མོ་ནི་དགུང་ལོ་100ལ་སླེབས་ཡོད་པར་མ་ཟད། ད་དུང་འདི་ལྟ་བུའི་མཉམ་སྤྲོའི་བྱེད་སྒོར་ཞུགས་ཐུབ་པས་དགས་སྤྲོ་དཔག་མེད་སྐྱེས་ཡོད་ཟེར།

        བྱེད་སྒོའི་ཐོག་བུད་མེད་སྤུན་ཟླ་ཚོར་རྫོང་རིམ་པའི་ལྗང་མདོག་ཁྱིམ་ཚང་གིས་སྣེ་ཁྲིད་དུད་ཚང་དང་དཔེ་བཟང་མནའ་མ། སྒྱུག་མོ་ཡ་རབས་སོགས་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་གཟེངས་རྟགས་ཕུལ་ནས་གཟེངས་བསྟོད་བྱས་པ་དང་། ཕྱི་དྲོ་ད་དུང་འབྲོག་པའི་སྲོལ་རྒྱུན་ནམ་མ་སྲི་ཚོའི་ལག་ལུས་འགྲན་བསྡུར་བྱས་པ་དང་། འཕང་འཁེལ་ནས་རིང་ཚད་འཇལ་བ། བོད་ལུགས་ལྗིད་འདེགས། ཐག་འཐེན་སོགས་བྱ་འགུལ་སྣ་མང་སྤེལ་བས། ཡུལ་དངོས་ཀྱི་མང་ཚོགས་རྣམས་ཕྱི་རོལ་གྱི་ཁ་བ་འབབ་པའི་གྲང་ངར་ལ་མི་སྐྲག་པར་རང་ཉིད་ཀྱི་སྤྲོ་སེམས་འཕེལ་བར་བྱས།

        གསུམ་བརྒྱད་བུད་མེད་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་ལས་དུས་རབས་གསར་བའི་བུད་མེད་ཀྱི་རང་བཀུར་དང་རང་ལ་ཡིད་ཆེས། རང་ཚུགས། རང་འབད་བཅས་ཀྱི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་པ་དང་། ཚང་མའི་གཟི་བརྗིད་བསམ་པ་དང་ཁོངས་གཏོགས་བསམ་པ། ཐོབ་སེམས་བཅས་ཆེ་རུ་ཕྱིན་ཡོད། རྫོང་ཡོངས་ཀྱི་རྒྱ་ཆེའི་བུད་མེད་ཚོས་དེ་བས་སྤྲོ་སེམས་འཕེལ་བ་དང་དེ་བས་དཔའ་ངར་ཆེར་བསྐྱེད་ཀྱི་བློ་སྟོབས་ཐོག་ནས་རྫོང་ཡོངས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་གཏོང་བར་ཧུར་ཐག་ངང་ཞུགས་ཏེ་འགག་རྩ་ལྔར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། འདུ་འགོད་ལྔ་ལག་བསྟར་བྱེད་པ། དཔེ་སྟོན་ལྔ་གཏོད་པ། ཁྱིམ་གཞིས་ལྔ་སྐྲུན་པ་བཅས་ལ་བུད་མེད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བཞིན་མཆིས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1