ཀྲུང་དབྱང་གིས“སྒེར་གཉེར་འཕྲིན་སྦྱོར”ལེགས་བཅོས་བཟོ་རྩིས་འདུག

ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-16



        ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་གིས“དྭངས་གཙང་སྟེ‘སྒེར་གཉེར་འཕྲིན་སྦྱོར’གྱི་རྙོག་དྲའི་སྣང་ཚུལ་ལེགས་བཅོས་ནན་མོ་བྱེད་པའི”ཆེད་གཉེར་ལས་འགུལ་སྤེལ་རྒྱུ་རེད།

        ཉེ་ཆར། ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་གིས་བརྡ་ཁྱབ་བསྒྲགས་ནས་བསྟན་དོན། 2023ལོའི“དྭངས་གཙང”ཆེད་གཉེར་ལས་འགུལ་རབ་དང་རིམ་པའི་འཆར་གཞི་ལྟར། ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་གིས་ཟླ་གཉིས་རིང“དྭངས་གཙང་སྟེ‘སྒེར་གཉེར་འཕྲིན་སྦྱོར’གྱི་རྙོག་དྲའི་སྣང་ཚུལ་ལེགས་བཅོས་ནན་མོ་བྱེད་པའི”ཆེད་གཉེར་ལས་འགུལ་སྤེལ་རྒྱུ་ཡིན་ལ། གཙོ་བོ་སྤྱི་ཚོགས་ཀྱི་འབྲེལ་བ་དང་བརྙན་ཐུང་། དྲ་རྒྱའི་ཐད་གཏོང་སོགས་འཕྲིན་སྟེགས་གལ་ཆེན་དག་ལ་ཁ་གཏད་ནས། “སྒེར་གཉེར་འཕྲིན་སྦྱོར”གྱིས་གཏམ་འཆམ་བཟོས་ནས་སྒྲོག་པ་དང་རྫུན་དང་འདྲ་བཟོ་བྱེད་པ། སྒྲིག་འགལ་གྱིས་ཁེ་བཟང་འཚོལ་བ་སོགས་ཀྱི་གནད་དོན་འབུར་དུ་ཐོན་པ་ལ། མཐའ་གཅིག་ཏུ་རྡུང་རྡེག་གཏོང་བ་དང་ཐག་གཅོད་ནན་མོ་བཏང་སྟེ། དྲ་རྒྱའི་ཁོར་ཡུག་གཙང་མ་ཞིག་བསྐྲུན་རྒྱུ་རེད།

        བརྡ་ཁྱབ་ལས་བསྟན་དོན། ཆེད་གཉེར་ལས་འགུལ་གྱི་ལས་འགན་གཙོ་བོ་ནི། “སྒེར་གཉེར་འཕྲིན་སྦྱོར”གྱིས་སྤེལ་བའི་ཆ་འཕྲིན་རྫུན་མ་དང་གནོད་འཚེ་ཡོད་པའི་ཆ་འཕྲིན། གནས་ཚུལ་རྫུས་མ་ལ་རྡུང་རྡེག་ནན་མོ་གཏོང་བ། གཞུང་ཕྱོགས་ལས་ཁུངས་དང་གསར་འགྱུར་འཕྲིན་སྦྱོར་ལས་ཁུངས། དམིགས་བསལ་མི་སྣ་ཡིན་ཁུལ་བྱེད་པའི“སྒེར་འཕྲིན་འཕྲིན་སྦྱོར”མཐའ་གཅིག་ཏུ་གཏན་འགོག་བྱེད་པ། “སྒེར་གཉེར་འཕྲིན་སྦྱོར”གྱིས་སྒྲིག་འགལ་སྒོས་ཁེ་བཟང་ཐོབ་ཐབས་བྱེད་པའི་བྱ་སྤྱོད་ཁག་ཕྱོགས་ཡོངས་ནས་ཐག་བཅོས་བྱ་རྒྱུ་རེད།

        དེའི་ཁྲོད། “སྒེར་གཉེར་འཕྲིན་སྦྱོར”གྱིས་གནོད་འཚེ་ཡོད་པའི་ཆ་འཕྲིན་བཟོ་བར་རྡུང་རྡེག་གཏོང་བ་དང་། གཙོ་བོ་སྤྱི་པའི་སྲིད་ཇུས་དང་དཔལ་འབྱོར་གྱི་སྤྱིའི་གནས་བབ། གནོད་འཚེ་ཆེ་བའི་ལས་འཛོལ་དང་སྤྱི་ཚོགས་ཐོག་དོ་ཁུར་ཆེ་བའི་དོན་རྐྱེན་བྱུང་བ་སོགས་ཀྱི་གོ་སྐབས་བཙལ་ནས། ལུང་ཚིག་ལོག་འདྲེན་དང་འཁྱོག་གཏམ་འཁྱོག་བཤད། དཀར་ནག་གོ་ལྡོག་དང་དམའ་འབེབས་གཏོང་བ། འུད་བཤད་དང་འགལ་ཟླ་བཟོ་བ། ཏང་དང་སྲིད་གཞུང་གི་ངོ་སོ་ལ་གནོད་པ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་བར་ཆད་བཟོ་བའི་གནོད་འཚེ་ཅན་གྱི་ཆ་འཕྲིན་བཟོ་བ་བཅས་འདུས་ཡོད།

        “སྒེར་གཉེར་འཕྲིན་སྦྱོར”གྱིས་མི་ཚོགས་གཉོམ་ཆུང་བཀོལ་སྤྱོད་བརྒྱུད་སྒོར་མོ་ཐོབ་ཐབས་བྱེད་པར་བཅོས་སྒྲིག་ནན་མོ་བྱེད་པ་སྟེ། དེའི་ནང་རྒན་རྒོན་ལ་མགོ་སྐོར་གཏོང་བ་དང་བསླུ་ཁྲིད་བྱས་ནས་བརྙན་ཐུང་ཕབ་པ་དང་ཐད་གཏོད་བྱས་པ་བརྒྱུད། གཡོ་ཐབས་ཀྱིས་དྲ་དམངས་ལ་དགའ་རྟགས་དང་བྱ་དགའ། ལེགས་སྐྱེས་འབུལ་དུ་བཅུག་པ། དབང་པོ་སྐྱོན་ཅན་ལ་མགོ་སྐོར་དང་བསླུ་ཁྲིད་བྱས་ནས། ཡ་ང་བའི་སྣང་བརྙན་རྫུས་པ་དང་སྐྲག་སློང་བ། མནར་གཅོད་གཏོང་བ་སོགས་ཁྲིམས་དང་ཀུན་སྤྱོད་དང་འགལ་བའི་སྒོ་ནས་སྐད་གྲགས་འཚོལ་ཐབས་བྱེད་པ་བཅས་འདུས་ཡོད།

        བརྡ་ཁྱབ་ལྟར་ན། ས་གནས་ཁག་གི་དྲ་འཕྲིན་སྡེ་ཚན་གྱིས་དྲ་ཚུགས་ཀྱི་ལས་སྟེགས་ལ་རང་བཤེར་རང་བཅོས་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་ནས། སྒྲིག་འགལ་ཚབས་ཆེན་དང་སློབ་གསོ་ཐེངས་མང་བརྒྱབ་ཀྱང་ཡོ་བསྲང་མི་བྱེད་པའི“སྒེར་གཉེར་འཕྲིན་སྦྱོར”ལ་ཆད་པ་ནན་པོ་དང་ཆད་པ་ལྕི་པོ་གཅད་རྒྱུ། དོ་དམ་ཡག་པོ་མི་བྱེད་པ་དང་རྒྱ་ཡན་དུ་ཤོར་བའི་དྲ་ཚུགས་ཀྱི་ལས་སྟེགས་ལ་ཁྲིམས་ལྟར་དུས་བཀག་ལྟར་དག་ཐེར་དང་དངུལ་ཆད་གཅོད་པ། འབྲེལ་ཡོད་ཀྱི་བྱེད་ནུས་གནས་སྐབས་མཚམས་འཇོག་བྱེད་པ་དང་ལས་མཚམས་འཇོག་པ་སོགས་ཀྱི་ཆད་པ་བཅད་ནས“སྒེར་གཉེར་འཕྲིན་སྦྱོར”དང་དྲ་ཚུགས་ཀྱི་ལས་སྟེགས་ལ་རང་ངོས་དོ་དམ་ཡག་པོ་བྱེད་དགོས་པའི་ཉེན་བརྡ་གཏང་རྒྱུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1