རྔ་བ་རྫོང་གིས་བསྐོར་ཡིག་རྒྱུགས་ལེན་འབྲོག་མིའི་སྒོ་ཁར་བསྐྱལ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།སྔ་སྒྲ། སྤེལ་དུས། 03-16


རྔ་བ་རྫོང་གིས་བསྐོར་ཡིག་རྒྱུགས་ལེན་སྒོ་ཁར་བསྐྱལ་ཏེ་མི་དམངས་ལ་ཞབས་འདེགས་ཞུ་བའི་བར་ཐག་ཉེ་རུ་བཏང་།

        རྔ་བ་རྫོང་གི་ཡུལ་གྲོང་ཁ་ཤས་རྫོང་མཁར་དང་ཐག་རིང་བ་དང་བསྐོར་ཡིག་རྒྱུགས་སྤྲོད་པར་སྟབས་མི་བདེ་བའི་དངོས་ཡོད་གནད་དོན་ཐག་གཅོད་བྱེད་པ་དང་། ཅི་ནུས་ཀྱིས་མང་ཚོགས་ཀྱི་འཕྲུལ་རྟའི་བསྐོར་ཡིག་ལེན་པའི་དགོས་མཁོ་སྐོང་ཆེད། ཟླ་3ཚེས་14ཉིན། ཁུལ་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་གི་རླངས་འཁོར་དོ་དམ་ཁང་གིས་རྔ་བ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་དང་མཉམ་འབྲེལ་བྱས་ཏེ་སྒོ་མང་གྲོང་རྡལ་གཞོང་བ་སྡེ་བ་ནས་འཕྲུལ་རྟའི་བསྐོར་ཡིག་རྒྱུགས་ལངས། འཕྲུལ་རྟའི་བསྐོར་ཡིག་རྒྱུགས་ར་ཁྱིམ་སྒོར་བསྐྱལ་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་བར་ཐག་ཉེ་རུ་བཏང་།

        ཡིག་རྒྱུགས་དང་ཁ་ལོའི་ལག་རྩལ་རྒྱུགས་ལེན་ཁྲོད། ཉེན་རྟོག་པས་གཟབ་ནན་གྱིས་འབྲེལ་ཡོད་བླང་བྱ་ལྟར་རྒྱུགས་ལེན་སྤུས་ཀའི་འགག་སྒོ་ནན་སྲུང་དང་རྒྱུགས་ལེན་གྱི་རྣམ་གྲངས་མི་འཕྲི་བ་དང་རྒྱུགས་ལེན་གྱི་ཚད་གཞི་མི་གཅོག་པའི་སྒོ་ནས། ཡོངས་བསྒྲགས་དང་དྲང་བཞག་བདེན་སྐྱོང་ཁག་ཐེག་བྱས། རྒྱུགས་འཕྲོད་རྗེས། ཁ་ལོ་བའི་ལག་འཁྱེར་གྱི་འགྲོ་ལུགས་ཡུལ་དངོས་ནས་ཐེངས་གཅིག་གིས་བསྒྲུབ་ཚར་བར་བྱས་ཏེ་མང་ཚོགས་ལ་སྟབས་བདེ་སྐྲུན་ཅི་ཐུབ་བྱས།

སྒོ་མང་ཡུལ་ཚོའི་གཞོང་བ་སྡེ་བའི་སྡེ་མི་རྣམ་རྒྱལ་སྐྱིད་ཀྱིས་བཤད་རྒྱུར། ད་ལྟ་རང་གི་སྒོ་ཁར་བསྐོར་ཡིག་ལེན་ཐུབ་པས། སྟབས་བདེ་མང་པོ་བཟོས་སོང་། ཏང་དང་སྲིད་གཞུང་ལ་བཀའ་དྲིན་ཆེ་ཞེས་བཤད།  

        ད་ལྟའི་བར་དུ་བསྡོམས་པས་མང་ཚོགས་176གིས་རྒྱུགས་འཕྲོད་ཡོད། འཕྲུལ་རྟའི་བསྐོར་ཡིག་སྤྲོད་པའི་སྐབས་སུ། ཉེན་རྟོག་པས་ཁ་ལོ་བ་ཡོངས་རྩ་འཛུགས་བྱས་ཏེ་ཁ་ལོ་བའི་ལག་འཁྱེར་ལེན་པའི་དམ་བཅའ་བཞག་པ་དང་། ཚང་མར་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཤེས་བྱ་དང་འཕྲུལ་རྟ་བཞོན་སྐབས་ཀྱི་དོ་སྣང་བྱ་དགོས་ས་བཅས་དྲིལ་སྒྲོག་དང་། འཕྲུལ་རྟ་བཞོན་སྐབས་ངེས་པར་དུ་བདེ་འཇགས་ཞྭ་མོ་གོན་དགོས་བ་དང་མི་གྲངས་ཚད་ལས་མི་བརྒལ་བ། མགྱོགས་ཚད་ལས་མི་བརྒལ་བ། ཁྲིམས་འགལ་བཅོས་སྒྲིག་མི་བྱེད་པ། ཆང་འཐུང་རྗེས་རླངས་འཁོར་གཏོང་བ་དང་ངལ་དུབ་ཀྱིས་རླངས་འཁོར་གཏོང་བ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་གཏན་འགོག་བྱེད་དགོས་པའི་རེ་བཅོལ་བྱས།

        ཐེངས་འདིའི་བྱེད་སྒོ་ཡིས་འགྲོ་ལུགས་སླ་བསྒྲུབ་དང་མང་ཚོགས་ལ་སྟབས་བདེ་སྐྲུན་པའི་རྩ་དོན་གྱིས་ངེས་པ་དོན་གྱིས་མང་ཚོགས་ལ་དོན་དངོས་སྒྲུབ་སྟེ། མངའ་ཁོངས་མང་ཚོགས་ཀྱི་འཕྲུལ་རྟའི་བསྐོར་ཡིག་ལོན་ཚད་དང་འགྲིམ་འགྲུལ་བདེ་འཇགས་འདུ་ཤེས་མཐོར་འདེགས་བཏང་སྟེ། འཕྲུལ་རྟའི་འགྲིམ་འགྲུལ་དོན་རྐྱེན་འབྱུང་བའི་གནད་དོན་རྩ་བ་ནས་ཉུང་དུ་བཏང་།

        རྔ་བ་ཁུལ་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་གི་རླངས་འཁོར་དོ་དམ་ཁང་གི་འགོ་གཙོ་ཕུར་བ་ཚེ་རིང་གིས་བཤད་རྒྱུར། མ་འོངས་པར། རྔ་བ་རྫོང་གི་ཡུལ་གྲོང་གཞན་དག་ལ་ཟབ་ཞུགས་བྱས་ཏེ་མུ་མཐུད་དུ་རྩྭ་ཐང་གི་མི་དམངས་ལ་སྟབས་བདེ་སྐྲུན་པ་དང་གངས་རིའི་ལྗོངས་ལ་ཞབས་འདེགས་ཞུ་བའི་འཕྲུལ་རྟའི་བསྐོར་ཡིག་རྒྱུགས་ལེན་གཞི་རིམ་དུ་སྐྱེལ་བའི་བྱེད་སྒོ་སྤེལ་ཏེ། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་རང་ཡུལ་ནས་འཕྲུལ་རྟའི་བསྐོར་ཡིག་ལེན་ཐུབ་པ་བྱེད་རྒྱུ་ཡིན་ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1