༄༅།།སྒྲ་སྙན་གྱི་དབྱེ་བ་བཤད་པ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་པོའི་དྲ་བ་ལས་དྲངས། སྤེལ་དུས། 03-17




       མངའ་རིས་ཆོས་རྒྱལ་རྒྱ་མཚོའི་དུས། སྤྱི་ལོའི་དུས་རབས་བཅུ་བདུན་པའི་གོང་རོལ་དུ་སྟོད་ཁུལ་ལ་སྒྲ་སྙན་ཞེས་མི་ཟེར་བར"རྒོད་པོ"ཞེས་བརྗོད་པ་དང་། དེང་སྐབས་མངའ་རིས་རྩ་མདའ་རྫོང་སོགས་ས་གནས་འགའ་ཞིག་ལ་མུ་མཐུད་རྒོད་པོ་ཞེས་བརྗོད། མངའ་རིས་ས་ཁུལ་དང་གཞིས་རྩེ་དིང་རི། དེ་བཞིན་ཀོང་པོ་ས་ཁུལ་སོགས་ལ་སྒྲ་སྙན་གྱི་སྒྲ་སྒྲིག་སྲོལ་ནི་གསག་སྒྲིག་ཞེས་བརྗོད་ཞིང་དེའི་སྒྲ་སྒྲིག་སྟངས་གཤམ་གྱི་དཔེ་རིས་ལྟར་ཡིན། ཕྱིས་ཧེ་མ་ལ་ཡའི་རི་རྒྱུད་ཀྱི་བོད་རིགས་ཁྱབ་ཁོངས་ལ་དྭགས་དང་འབྲུག་ཡུལ། འབྲས་ལྗོངས་སོགས་ལའང་བཟོ་དབྱིབས་འདྲ་མིན་སྣ་ཚོགས་ཀྱི་སྒྲ་སྙན་དར་ཁྱབ་བྱུང་ཡོད་སྟབས་དེ་ཚོའི་སྒྲ་སྒྲིག་སྲོལ་ཀྱང་སྤྱིར་ན་གསག་སྒྲིག་ཡིན་པ་དང་། དེ་བཞིན་ཨ་མདོ་ས་ཁུལ་ལ་དར་བའི་སྒྲ་སྙན་འབྲུག་མགོ་མ་དེའི་སྒྲ་སྒྲིག་སྲོལ་ཀྱང་སྤྱིར་ན་གསག་སྒྲིག་ཡིན། འོན་ཀྱང་ཨ་མདོའི་སྒྲ་སྙན་ལ་སྒྲ་སྒྲིག་སྲོལ་མི་གཅིག་པ་གཞན་ཡང་ཡོད།

དབུས་གཙང་གི་སྒྲ་སྙན་ཞེས་གཙང་པ་སྡེ་སྲིད་ཀྱི་སྐབས་ནས་བཟུང་དབུས་གཙང་ས་ཁུལ་གཞན་ལའང་དར་ཁྱབ་ཇེ་ཆེར་སོང་བ་དང་སྦྲགས་ལྷ་སར་ཡང་དར་ཁྱབ་བྱུང་ནས། ཕལ་ཆེར་ནང་མ་རོལ་དབྱངས་ཀྱི་ཤུགས་རྐྱེན་བྱུང་ནས་དེ་ཚོའི་སྒྲ་སྒྲིག་སྲོལ་ཀྱང་གཤམ་གྱི་དཔེ་རིས་ལྟར་བཅོས། སྒྲིག་སྲོལ་དེ་རིགས་ལ་དཀྱུས་སྒྲིག་གམ་དབུས་སྒྲིག་ཟེར། མཆོད་སྤྲིན་གར་རོལ་ནང་ཐོག་མར་བེད་སྤྱད་པའི་སྒྲ་སྙན་རྒྱུད་བདུན་པ་དེའི་སྒྲ་སྒྲིག་སྲོལ་ནི་གཤམ་གྱི་དཔེ་རིས་ལྟར་ཡིན་ཞིང་། སྒྲ་སྒྲིག་སྟངས་དེ་རིགས་ནང་དཀྱུས་སྒྲིག་དང་གསག་སྒྲིག་གི་སྒྲ་རྣམས་ཚུད་ཡོད། ཕྱིས་སུ་གར་དཔོན་པ་སངས་དོན་གྲུབ་ལགས་ཀྱིས་རྒྱུད་བདུན་སྒྲ་སྙན་དེ་རྒྱུད་དྲུག་སྒྲ་སྙན་གྱིས་ཚབ་ཏུ་གནང་སྟེ། དེ་ནས་བཟུང་གར་གླུའང་རྒྱུད་དྲུག་སྒྲ་སྙན་གྱིས་དཀྲོལ་གཏོང་བྱེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1