༄༅།།སྙེ་ཐང་སྒྲོལ་མ་ལྷ་ཁང་།

དུང་དཀར་བློ་བཟང་འཕྲིན་ལས། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་པོའི་དྲ་བ་ལས་དྲངས། སྤེལ་དུས། 03-17


    སྙེ་ཐང་སྒྲོལ་མ་ལྷ་ཁང་ནི་གྲོང་ཁྱེར་ལྷ་སའི་ལྷོ་ནུབ་ཀྱི་ཕྱོགས་ཆུ་ཤུལ་རྫོང་གི་ཁོངས་སུ་གནས་ཤིང་། རབ་བྱུང་དང་པོའི་ཤིང་ལུག(༡༠༥༥)ལོར་ཇོ་བོ་རྗེའི་དངོས་སློབ་ཀ་བ་ཤཱཀྱ་དབང་ཕྱུག་གིས་གཙོས་ཇོ་བོའི་སློབ་མ་རྣམས་ཀྱིས་ཐུན་མོང་དུ་བཏབ། སྙེ་ཐང་ཞེས་པའི་མིང་ཡང་དེ་སྔོན་སྙེའི་ན་མོ་ཆེ་ཞེས་ས་སྙེ་བྲི་སྲོལ་འདུག་ཀྱང«མི་དབང་རྟོགས་བརྗོད»ནང་གསལ་བར། ཇོ་བོ་ཨ་ཏི་ཤ་ཞབས་སོར་བསྐྱོད་དེ་གཤེགས་པ་ལས། ཡུལ་གྱི་དགེ་མཚན་གྱིས་ཐུགས་འཕྲོག་ནས་མཉེན་པའི་གསུང་གི་དབུགས་དབྱུང་བའི་ཡུལ་མཉེན་ཐང་དུ་གྲགས་ཞེས་གསལ་བ་ལྟར་ན་མཉེན་ཐང་དུ་ཡང་འབོད་སྲོལ་བྱུང་འདུག། ཇོ་བོ་ཡར་ལུང་དུ་དགེ་བཤེས་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གིས་སྤྱན་དྲངས་པའི་དུས་སྟོན་པའི་ཐུགས་དགོངས་ལ། དགེ་བཤེས་ཁུ་ཡང་ཐུགས་རྒྱལ་ཆེ་བས་ཇོ་བོ་སྤྱན་འདྲེན་པར་བྱོན། ཇོ་བོ་དང་མཇལ་བས་ཡུན་ཟླ་བ་གཅིག་ལས་མ་སོང་ཡང་དེའི་རིང་ཧ་ཅང་སྐུ་མཉེལ་པོ་བྱུང་། དེར་ཇོ་བོའི་ཞལ་ནས་། ཨུ་པ་སི་ཀ་ཆེན་པོ། ང་རང་དང་པོ་གང་ནས་འོང་པའི་སར་སྐྱོལ། བཀའ་འཁོར་འདི་ཀུན་ཡང་འོ་རྒྱལ། རྟ་ཁལ་འདི་ཀུན་ཀྱང་མ་རྒན་ཡིན། ཁུ་སྟོན་ནི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལྟ་བུ། ཁོ་བོ་ནི་དམངས་ཕལ་པ་ལྟ་བུ། ཁུ་སྟོན་སུམ་ཅུ་རྩ་གསུམ་གྱི་ལོངས་སྤྱོད་དང་ལྡན་པ་ལྟ་བུ། ཁོ་བོ་ནི་པྲེ་ཏ་པུ་རིའི་གྲོང་ཁྱེར་ན་གནས་པ་ལྟ་བུ་གསུངས་ནས་སྤྱན་ཆབ་བྱོན་པས་སྟོན་པ་ཡང་སྤྱན་ཆབ་བྱོན་ཏེ། བདག་གིས་ཇོ་བོའི་བཞུགས་གནས་སྙེ་ཐང་དུ་འབོད་པ། དབྱར་བསིལ་བ། དགུན་དྲོ་བ། ནགས་ཚལ་དང་ནེའུ་སིང་ཡོད་པ་དགུན་ཡང་མེ་ཏོག་སྐྱེ་བ་ཞིག་བཙལ་ཡོད་ཞུས་པས་དེ་ལ་དགྱེས་ནས་ཨུ་པ་སི་ཀ་ཆེན་པོ་ད་ལྟ་རང་གཤེགས་གསུངས། ཡེར་པར་དབྱར་གཅིག་བཞུགས། དེའི་དུས་བང་སྟོན(སྙེ་ཐང་གི་མི་ཆེན)གྱིས་སྤྱན་འདྲེན་ལ་བྱུང་ནས་མཉེན་ཐང་དུ་བྱོན། བོད་ཁམས་གསུམ་གླིང་དགུའི་མི་ཁམས་དེར་ཚོགས་ནས་ཇོ་བོ་ལ་ཆོས་མང་དུ་ཞུས་། དོགས་པ་ཡོད་པའི་དཀའ་གནད་མང་པོ་དྲི་བ་ཞུས་པར་ཇོ་བོས་ལན་གནང་། ནང་གཅིག་ཇོ་བོའི་ཞལ་ནས་ཨུ་པ་སི་ཀ་ཁྱེད་ན་རེ། དགུན་ཡང་མེ་ཏོག་ཡོད་ཟེར་བ་མེ་ཏོག་ག་རེ་གསུངས་པས། དགེ་བཤེས་སྟོན་པས་སྙེའི་ན་མོ་ཆེའི་ཁར་ཇོ་བོ་གདན་དྲངས་ནས་གསིང་མའི་མེ་ཏོག་བསྟན་པས་ཇོ་བོའི་ཞལ་ནས་རྫུན་མ་བྱས་ཙམ་འདུག་གསུངས་ནས་མཉེས། ཇོ་བོ་མཉེས་ཐང་དུ་ལོ་དགུ་བཞུགས། དགུང་ལོ་བདུན་ཅུ་རྩ་གཉིས་ལ་གནས་དེར་རབ་བྱུང་དང་པོའི་ཤིང་རྟ(༡༠༥༤)ལོའི་སྟོན་ཟླ་འབྲིང་པོའི་ཚེས༡༨ལ་གཤེགས་སོ། །དེ་རྗེས་ཀ་བ་ཤཱཀྱ་དབང་ཕྱུག་གིས་འོར་དུ་ཡང་མཆོད་རྟེན་བརྒྱ་པ་དང་། ཤཱཀྱ་ཐུབ་པ་གཙོ་འཁོར། སྨན་བླ་སོགས་ལུགས་སྐུ་མང་དུ་བཞེངས་ནས་བཞུགས། ཇོ་བོའི་གདན་ས་ལྷ་ཁང་བྲེ་ཙམ་པ་ཞིག་བཞེངས་དགོངས། མཉེས་ཐང་འོར་གྱི་གཙུག་ལག་ཁང(སྒྲོལ་མ་ལྷ་ཁང)ནི་ཇོ་བོ་མཉེས་ཐང་དུ་བཞུགས་རིང་གི་བཞུགས་གནས་ཡིན་པར་ངེས། དེང་སྐབས་སྒྲོལ་མ་ལྷ་ཁང་གི་ཤར་ངོས་སུ་ཡོད་པའི་གྲོང་ཚོར་འོར་ཟེར་བ་དང་སྙེའི་ན་མོ་ཆེ་ནི་གཞུང་ལམ་གྱི་ལྷོ་ངོས་སུ་ཡོད་ཅིང་། དེ་གར་ཡང་ཇོ་བོའི་གཟིམ་ཁང་ཞེས་པའི་ལྷ་ཁང་ཆུང་ཆུང་ཞིག་དང་། སྐུ་འབུམ་ཞེས་པ་ས་འབུམ་ཆེན་པོ་གཉིས་ཡོད་པ་ནས་ལྷོ་ངོས་དེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་གདུང་རྟེན་དང་། བྱང་ངོས་དེ་ཇོ་བོ་རྗེའི་གདུང་རྟེན་ཡིན་པར་གྲགས། སྒྲོལ་མ་ལྷ་ཁང་གི་རྟེན་གཙོ། ཇོ་བོའི་ཐུགས་དམ་རྟེན་ལུང་བསྟན་སྒྲོལ་མ་ཟེར་བ་དེ་བཞུགས། སྒྲོལ་མ་དེས་ཇོ་བོ་བོད་དུ་བྱོན་ན་བསྟན་འགྲོ་ལ་ཕན་པར་འདུག་སྟེ་སྐུ་ཚེ་ལོ་ཉི་ཤུ་ཐུང་དུ་འགྲོ་ཞེས་ལུང་བསྟན་པར་གྲགས། གཞན་ཡང་ཇོ་བོའི་ཐུགས་དམ་རྟེན་ཐུབ་དབང་གི་སྐུ་བརྙན་ཤར་ལི་ལས་གྲུབ་པ་གཅིག ཤར་ལི་ལས་གྲུབ་པའི་བླ་མ་གསེར་གླིང་པའི་སྐུ་མི་ཚད་མ་གཅིག ཇོ་བོ་རྗེའི་ཐུགས་དམ་རྟེན་འབྲལ་མེད་མཆོད་རྟེན་གཅིག ཇོ་བོའི་སྐུ་གཅིག པཎ་ཆེན་ན་རོ་པའི་གདུང་རུས་བཞུགས་པའི་བཀའ་གདམས་མཆོད་རྟེན་གཅིག ལི་མའི་ཐུབ་དབང་སྐུ་མི་ཚད་མ་གཅིག བཀའ་གདམས་མཆོད་རྟེན་ཆེ་བ་གསུམ། ལྷ་ཁང་ཤར་ནང་། ཇོ་བོ་ཆོས་གསུང་སའི་བྱེ་མའི་བཞུགས་ཁྲི་དང་། ཚེ་དཔག་མེད་དང་ཉེ་བའི་སྲས་ཆེན་བརྒྱད། ཁྲོ་བོ་གཉིས། ཕྱིས་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་སྐབས་བཞེངས་པའི་གསེར་ཟངས་ཀྱི་སྒྲོལ་མ་ཉེར་གཅིག་བཅས་བཞུགས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1