བོད་ལུགས་གསོ་རིག་སྨན་རྫས་ཀྱི་ནད་ཐོག་སྨན་བཅོས་བཀོལ་སྤྱོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 03-17


        སྤྱི་ཚེས་15ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་གསོ་རིག་སྨན་བཅོས་ལས་ཁུངས་ཀྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ནད་ཐོག་སྨན་བཅོས་བཀོལ་སྤྱོད་ལག་རྩལ་གྱི་ཕྱོགས་སྟོན་ཐོག་མ་དངོས་སུ་འགྲེམས་བསྒྲགས་བྱས་པ་དང་། དེའི་ནང་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཐང་སྨན་རིགས་432བསྡུས་ཡོད།


        ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་དང་མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་མཉམ་འབྲེལ་ཐོག《མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་སྨན་བཅོས་ལས་ཁུངས་ཀྱི་ཀྲུང་ལུགས་(བོད་ལུགས་)ཀྱི་ནད་ཐོག་སྨན་བཅོས་ལག་རྩལ་ཕྱོགས་སྟོན་(2023པར་གཞི་)》(གཤམ་དུ་《ཕྱོགས་སྟོན་》ཞེས་བསྡུ་རྒྱུ་)པར་འགྲེམས་བྱས་ཏེ་བོད་ལུགས་གསོ་རིག་སྨན་བཅོས་ལས་ཁུངས་ཀྱི་ཐང་སྨན་ཚད་ལྡན་དུ་གཏོང་རྒྱུར་མཛུབ་ཁྲིད་བྱས་པ་རེད།

        《ཕྱོགས་སྟོན》ནི་མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་གསོ་རིག་སྨན་བཅོས་ལས་ཁུངས་ཀྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་ནད་ཐོག་སྨན་བཅོས་ལག་རྩལ་གྱི་ཕྱོགས་སྟོན་ཐོག་མ་དེ་ཡིན་ཞིང་།《མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་གསོ་རིག་སྨན་བཅོས་ལས་ཁུངས་ཀྱི་ཀྲུང་ལུགས་གསོ་རིག་ཐང་སྨན་གྱི་ཀུན་སྤྱོད་མིང་གི་དཀར་ཆག་(ཚོད་ལྟའི་ལག་བསྟར་)ལྟར། རྒྱལ་ཁབ་ཀྱི་ཚད་གཞི་དང་། ས་གནས་ཀྱི་སྦྱོར་སྡེའི་ཚད་གཞི དབང་གྲགས་ལྡན་པའི་དཔྱད་གཞིའི་ཚད་ལྡན་ཡིག་ཆ་དང་དེ་བཞིན་རྒྱལ་ནང་གི་རིགས་མཐུན་ལག་རྩལ་གྱི་ཕྱོགས་སྟོན་སོགས་དཔྱད་གཞིར་འཛིན་ཡོད་ལ། མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་གསོ་རིག་སྨན་བཅོས་ལས་ཁུངས་ཀྱི་སྨན་སྤྱོད་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་ཐང་སྨན་གྱི་བོད་རྒྱ་མིང་དང་། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཀུན་སྤྱོད་རིགས་ཀྱི་སྨན་གྱི་སྦྱོར་སྟངས། བོད་རྒྱ་སྐད་ཡིག་གི་ནུས་པ་དང་གཙོ་བཅོས། སྤྱོད་ཚད། ཐང་སྨན་ཚབ་ཨང་སོགས་ལག་རྩལ་གྱི་ནང་དོན་ཁྱོན་ཡོངས་ནས་ཚད་ལྡན་དུ་བཏང་ཡོད་པ་མ་ཟད། བོད་སྨན་གྱི་ཐང་སྨན་ཕུན་སུམ་ཚོགས་སུ་དང་མང་དུ་བཏང་ཡོད།

        《ཕྱོགས་སྟོན》ནང་ཀྲུང་ལུགས་དང་བོད་ལུགས་ཐང་སྨན་རིགས་432བསྡུས་ཡོད་པ་དང་། དེའི་ནང་དོན་ཐད་དཔེ་མཚོན་དང་། རྣམ་གྲངས་རིམ་པ། སྲོག་ཆགས་རིགས། གཏེར་རྫས་རིགས། རྩི་ཤིང་རིགས། དེ་བཞིན་རིགས་གཞན་དང་འབྲེལ་ཡོད་ཁྲིམས་སྲོལ་སོགས་ཕྱོགས་བདུན་ཚུད་ཡོད་པས། མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་གསོ་རིག་སྨན་བཅོས་ལས་ཁུངས་ཀྱི་ནད་ཐོག་སྨན་བཅོས་ཀྱི་དགོས་མཁོ་གཞི་ནས་བསྐངས་ཡོད་པ་རེད།

        མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་དང་བོད་ལུགས་གསོ་རིག་དང་བོད་སྨན་དོ་དམ་ཅུས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན།《ཕྱོགས་སྟོན་》བཏོན་པ་དེས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཐང་སྨན་ནད་ཐོག་སྨན་བཅོས་ཀྱི་བསམ་གཞིགས་དང་དབྱེ་འབྱེད་སྨན་བཅོས་བྱ་ཐབས་ཀྱི་ཕན་འབྲས་མཐོ་རུ་གཏོང་རྒྱུ་དང་། བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྨན་བཅོས་ལས་ཁུངས་ཀྱི་སྨན་སྤྱོད་ཁྱབ་ཁོངས་རྒྱ་ཆེར་གཏོང་རྒྱུ། སྨན་བཅོས་བྱེད་མཁན་མང་ཚོགས་ཀྱི་དཔལ་འབྱོར་ཁུར་པོ་ཡང་དུ་གཏོང་རྒྱུ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1