༄༅།།རྒྱལ་ཚ་ཞལ་དཀར་གྱིས་བླངས་པའི་གླུ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཧོར་གླིང་གཡུལ་འགྱེད་སྟོད་ཆ་ལས་བཏུས། སྤེལ་དུས། 03-21


   གླུ་ཐ་ལ་ལ་མོ་ཐ་ལ་རེད། །

   གླུ་ཨ་ལ་ལ་མོ་ཨ་ལ་རེད། །

   གླུ་རྒྱབ་རྟེན་རྒྱལ་བ་རིགས་ལྔས་མཛོད། །

   མདུན་སྲུང་རིག་འཛིན་ཕོ་མོས་མཛོད། །

   གླུ་སྣ་མ་དང་མཁའ་འགྲོས་དྲོངས། །

   སྟོང་དབྱེར་མེད་ཁ་ལོ་ཆོས་ལ་སྒྱུར། །

   ཆོས་འབྱུང་དཀར་པོས་ལམ་སྣ་དྲོངས། །

   བདག་དང་འགྲོ་བ་རིགས་དྲུག་རྣམས། །

   གནས་བདེ་ཆེན་ཞིང་དུ་ལམ་སྣ་དྲོངས། །

   ས་འདིའི་ས་ངོ་མ་ཤེས་ན། །

   རྨ་དེའུ་ཡག་འདུ་ར་གོང་མ་རེད། །

   ང་དང་ང་ངོ་མ་ཤེས་ན། །

   དཔའ་མི་འགྱུར་རྒྱ་ཚ་ཞལ་ལུ་ཡིན། །

   ཨ་ཁུ་སྤྱི་དཔོན་རྒྱལ་པོ་ལགས། །

   གཏམ་གླ་བོ་ཅི་འདྲ་ཟེར་འདོད་ཡིན། །

   ཡང་མིན་ན་རྒས་ནས་འཆོལ་ལེ་རེད། །

   འཆོལ་ནས་འཆོལ་གཏམ་ཡ་མེད་རེད། །

   ཡང་མིན་ན་ཆུང་ནས་རྩེ་ལེ་རེད། །

   ཆུང་བྱིས་པའི་ཡེར་གཏམ་ཡ་མེད་རེད། །

   གནའ་མི་བོད་ཀྱི་གཏམ་དཔེ་ལ། །

   གཏམ་ཡ་མེད་དཔོན་པོའི་བཙན་གཏམ་ཡིན། །

   ཞྭ་ཡ་མེད་གཅོད་པའི་དོམ་ར་ཡིན། །

   རྔ་ཡ་མེད་དགོན་པའི་མཁར་རྔ་ཟེར། །

   ཟེར་ལེ་འཇིག་རྟེན་གཏམ་ལ་གྲགས། །

   གཏམ་གཅིག་ལ་སོ་བ་དགོས་ཏེ་ཟེར། །

   ཁ་ཅིག་ལྕེ་གཉིས་གཏམ་ལེ་རེད། །

   རྒོད་པོ་རྒྱ་ཚ་མ་འགྲོ་ཟེར། །

   སྐྱེན་པོ་འདན་མ་མ་འགྲོ་ཟེར། །

   མགྱོགས་པ་གདོང་བཙན་མ་འགྲོ་ཟེར། །

   མི་བདུན་གསུམ་ཉི་ཤུ་རྩ་གཅིག་དེ། །

   གླིང་དམག་གི་དཔུང་མང་མ་འགྲོ་ཟེར། །

   ལུང་བ་དམག་གིས་མ་བཀང་ཟེར། །

   རྨ་དེའུ་ཡག་སྟག་ཐང་ཁྲ་མོ་ན། །

   རྣོ་གཡུག་འདོད་དམར་ནག་ལམ་མེར་གདའ། །

   སྐྱེན་འཕེན་འདོད་མཐེབ་སྐོར་ཁྲིག་གེར་གདའ། །

   མགྱོགས་རྒྱུག་འདོད་བང་ཁ་རླུང་གིས་གང་། །

   མཚོན་རྣོན་པོ་གཡུག་འདོད་ཁྲིགས་སེ་ཡོད། །

   བུ་དཔའ་བོའི་དཔུང་ཚོགས་ཤིགས་སེ་ཡོད། །

   མདའ་འཕེན་འདོད་མཚོན་སྐོར་ཁྲིགས་སེ་ཡོད། །

   རྟ་རྒྱུག་འདོད་བང་ཁ་ལིངས་སེ་ཡོད། །

   ཕོ་ང་རྒོད་ཟེར་མི་མང་པོ་གདའ། །

   དཔའ་བརྟུལ་སྟག་འདྲ་གཟིག་འདྲ་གདའ། །

   འདི་འདྲའི་དཔའ་བརྟུལ་ནང་ཤེད་ན། །

   ང་འགྲོ་ཁས་ལེན་མི་གདའ་ལགས། །

   ཚོ་ཆེན་གླིང་གི་དཔའ་བརྟུལ་དེ། །

   གཏམ་ཚིག་གསུམ་བཤད་ན་དཔའ་གཏམ་རེད། །

   སྡེ་སྒང་པས་དཔའ་བརྟུལ་མིང་གཅིག་བཏགས། །

   ཕོ་ང་དཔའ་བོ་ཡིན་སྣང་བྱེད། །

   དགྲ་ཚུར་རྒྱུག་བྱུང་དུས་མི་གདའ་ལགས། །

   ལས་ཅི་དགོས་ཨེ་ཤེས་གླིང་གི་སྡེ། །

   ཨ་ཅང་མི་ཟེར་ཤུ་རེ་ཡིན། །

   ང་འབུམ་པ་དཔོན་རབས་བཅོ་བརྒྱད་ལ། །

   འདན་མ་བློན་རབས་བཅོ་བརྒྱད་སྲིད། །

   བློན་ཤ་རུས་འབྲལ་མེད་འདན་མ་ཡིན། །

   བརྒྱ་ཐུབ་འདན་མའི་ཕུ་བོ་རེད། །

   སྟོང་ཐུབ་འདན་མའི་ནུ་བོ་རེད། །

   ཡོད་ན་དེས་ཆོག་འདན་མ་རེད། །

   མེད་ན་དེས་ཕུང་འདན་མ་རེད། །

   ཚ་ཞང་འདན་མ་བྱང་ཁྲ་ལགས། །

   ཕོ་རྒོད་པོའི་བུ་ལ་ཁྱོད་འདྲ་མེད། །

   མདའ་སྐྱེན་པོའི་བུ་ལ་ཁྱོད་འདྲ་མེད། །

   རྟ་མགྱོགས་པའི་བུ་ལ་ཁྱོད་འདྲ་མེད། །

   དཔའ་སྙིང་དམར་ཡག་སྟག་དང་འདྲ། །

   སྤྱང་གྲུང་ཧོར་བ་ཁྲ་དང་མཉམ། །

   རྩལ་དྲུག་དར་མ་གླག་དང་འདྲ། །

   སོ་ཉུལ་མའི་འགྲོ་འོས་ཁྱོད་ལ་གདའ། །

   ཁྱོད་མ་འདུག་ལ་མོ་འགྲོ་ཤོམ་གྱིས། །

   ཧོར་ཨ་དཀར་རྒྱ་ལམ་གོང་མ་ནས། །

   ཧོར་གཡག་ལ་སེར་པོའི་ཡར་ཟུར་ནས། །

   ཧོར་སྡེ་བའི་དལ་བྲེལ་ལྟོས་ལ་ཤོག །

   ལས་མ་གོ་གཏམ་ལ་མ་ཟེར་ལ། །

   དཔའ་འདན་མའི་ཐུགས་ལ་དེ་འདྲ་ཞོག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1