༄༅།།བུདྡྷ་པཱ་ལི་ཏའི་འགྲེལ་ངག་དང་པོའི་མདོར་བསྟན་ལས་འཕྲོས་པའི་དཀའ་གནད་མུན་སེལ་སྒྲོན་མེ།

ལྷ་རམས་པ་བཀྲ་ཤིས་རྒྱ་མཚོ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།དགེ་ལུགས་པའི་དྲ་བ་ལས་དྲངས། སྤེལ་དུས། 03-21


  མཁྱེན་བརྩེ་ནུས་པའི་གཡུ་རལ་མཁའ་རུ་འཕྱོ། །   

  འཆད་རྩོད་རྩོམ་པའི་མཆེ་སྡེར་རྣོ་ཞིང་རྒྱས། །             

  རབ་འབྱམས་གཞུང་ལུགས་ཀུ་མུད་ཁ་འབྱེད་པའི། །

  འཕགས་བོད་མཁས་མང་གདོང་ལྔའི་དབང་རྣམས་རྒྱལ། །    

 དེ་ལ་འདིར་བུདྡྷ་པཱ་ལི་ཏའི་བདག་སྐྱེ་འགོག་ཚུལ་ལས་འཕྲོས་པའི་གཞུང་དོན་ལ་ཅུང་ཙམ་དཔྱད་པ་ལ་གསུམ། སངས་རྒྱས་བསྐྱངས་ཀྱིས་བདག་སྐྱེ་བཀག་ཚུལ། དེ་ལ་སློབ་དཔོན་ལེགས་ལྡན་གྱིས་སྐྱོན་བརྗོད་ཚུལ། སྐྱོན་དེ་སངས་རྒྱས་བསྐྱངས་ལ་མི་འཇུག་པ་དཔལ་ལྡན་ཟླ་བས་བཤད་ཚུལ་ལོ། དང་བོ་གྲངས་ཅན་པ་ན་རེ། མྱུ་གུ་ས་བོན་གྱི་དུས་ན་མི་གསལ་བར་ས་བོན་གྱི་བདག་ཉིད་དུ་གྲུབ་ཟིན་པ་ཡིན་ཡང་། དེ་ཉིད་སླར་ཡང་ས་བོན་ལས་སྐྱེའོ་ཞེས་ཟེར་རོ། །འདི་འགོག་པ་ལ་བུདྡྷ་པཱ་ལི་ཏ་ལས། དངོས་པོ་རྣམས་བདག་གི་བདག་ཉིད་ལས་སྐྱེ་བ་མེད་དེ། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང་། ཤིན་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཞེས་སོ། །སྐྱེ་བ་དོན་མེད་དུ་འཕངས་ཚུལ་ཡོད་དེ། མྱུ་གུ་ཆོས་ཅན། སླར་ཡང་སྐྱེ་བ་དོན་མེད་དུ་ཐལ། རང་གི་རྒྱུ་དུས་ནས་ཡོད་པའི་ཕྱིར། ཞེས་འཕངས་པ་ལ། དེ་ལ་གྲངས་ཅན་གྱིས་མ་ཁྱབ་ཟེར་བ་ལ། འོ་ན་མྱུ་གུ་ཆོས་ཅན། ཁྱོད་ཀྱི་སྐྱེ་བ་ལ་ཐུག་པ་མེད་བར་ཐལ། རང་གི་རྒྱུ་དུས་ན་གྲུབ་ཟིན་སླར་ཡང་སྐྱེ་བ་ལ་དགོས་པའམ་དོན་ཡོད་པའི་ཕྱིར། ཞེས་སྐྱེ་བ་ཐུག་མེད་དུ་ཐལ་བའི་སྒོ་ནས་བཀག་པའི་ཕྱིར། བུདྡྷ་པཱ་ལི་ཏ་ལས། དངོས་པོ་བདག་གི་བདག་ཉིད་དུ་ཡོད་པ་རྣམས་ལ་ནི་ཡང་སྐྱེ་བ་ལ་དགོས་པ་མེད་དོ། །ཅི་སྟེ་ཡོད་ཀྱང་སྐྱེ་ན་ནམ་ཡང་མི་སྐྱེ་བར་མི་འགྱུར་རོ། །འོན་ཀྱང་གྲངས་ཅན་གྱིས་ཐལ་འགྱུར་སྔ་ཕྱི་གཉིས་ལ་མ་ཁྱབ་ཟེར་ཡང་ལན་རྣམ་དག་མི་ཐེབས་ཏེ། རིགས་པའི་རྒྱ་མཚོ་ལས། སྨྲ་མོད་ཀྱང་སྐྱོན་སྤོང་མི་ནུས་ཏེ། གསལ་བ་སྔ་ནས་ཡོད་ན་དེར་སྐྱེ་མི་དགོས་ལ་སྔ་ནས་ཡོད་ཀྱང་སྐྱེ་ན་ཐུག་མེད་སོ་ན་གནས་ཤིང་གསལ་བ་སྔར་མེད་ན་རྒྱུ་ལ་སྔར་ཡོད་ཁོ་ན་སྐྱེ་བའི་ཕྱོགས་ཉམས་སོ། །ཞེས་དང་། ཀུན་མཁྱེན་དབུ་མའི་ཡིག་ཆ་ལས། ཐལ་འགྱུར་དེ་གཉིས་ལ་མ་ཁྱབ་ཀྱི་ལན་བཏབ་ཀྱང་ལན་རྣམ་དག་མི་ཐེབས་པར་ཐལ། དེ་ལ་གསལ་བ་ཆོས་ཅན། སླར་ཡང་མི་སྐྱེ་བར་ཐལ། རྒྱུ་དུས་ན་ཡོད་པའི་ཕྱིར། མ་གྲུབ་ན། འོ་ན། སྐྱེ་ལྡན་ཐམས་ཅད་སྔར་ཡོད་རྐྱེན་གྱིས་གསལ་བར་སྐྱེ་བ་མ་ཡིན་པར་ཐལ། གསལ་བ་ལ་དེའི་ཕྱིར། གོང་དུ་མ་ཁྱབ་ན། གསལ་བ་ཆོས་ཅན། ཁྱོད་ཀྱི་སྐྱེ་བ་ཐུག་མེད་ཡིན་པར་ཐལ། ཁྱོད་རང་རྒྱུའི་དུས་ནས་ཡོད་ཀྱང་སླར་ཡང་སྐྱེ་དགོས་པ་དང་བཅས་པའི་ཕྱིར།    ཞེས་གསུངས་པའི་ཕྱིར། འགྲེལ་ངག་འདི་གཉིས་མདོར་བསྟན་རྒྱས་བཤད་དུ་བྱས་ནས་སྦྱོར་ཚུལ་ཡོད་དེ། དངོས་པོ་རྣམས་ཞེས་པ་དང་། དངོས་པོ་ཞེས་པ་གཉིས་མདོར་བསྟན་རྒྱས་བཤད་དུ་བྱས་ནས་རྒྱུ་དུས་སུ་མི་གསལ་བའི་ཚུལ་དུ་ཡོད་པར་འདོད་པའི་མྱུ་གུ་ལྟ་བུ་ཤེས་འདོད་ཆོས་ཅན་དང་། མངོན་གསལ་གྱི་རྫ་བུམ་མཐུན་དཔེར་བསྟན། དེ་དག་གིས་ཞེས་པ་དང་། བདག་གི་བདག་ཉིད་ཅེས་པ་གཉིས་མདོར་བསྟན་རྒྱས་བཤད་དུ་བྱས་ནས་རང་གི་བདག་ཉིད་དུ་གྲུབ་ཟིན་ཡོད་པ་དེ་གཏན་ཚིགས་སུ་བསྟན། སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་ཞེས་པ་དང་། ཡང་སྐྱེ་བ་ལ་དགོས་པ་མེད་དོ་ཞེས་པ་གཉིས་མདོར་བསྟན་རྒྱས་བཤད་དུ་བྱས་ནས་བསྒྲུབ་བྱའི་ཆོས་བསྟན་པར་འདོད་པའི་ཕྱིར། གཉིས་པ་དེ་ལ་སློབ་དཔོན་ལེགས་ལྡན་གྱིས་སྐྱོན་བརྗོད་ཚུལ་ཡོད་དེ། ཤེས་རབ་སྒྲོན་མེ་ལས། དེ་ནི་རིགས་པ་མ་ཡིན་ཏེ། གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར། གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བའི་ཕྱིར། གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར། སྐབས་ཀྱི་དོན་ལས་བཟློག་པར་འགྱུར་བ་དང་། དེའི་ཆོས་བཟློག་པའི་དོན་མངོན་པས། དངོས་པོ་རྣམས་གཞན་ལས་སྐྱེ་བར་འགྱུར་བ་དང་། སྐྱེ་བ་འབྲས་བུ་དང་བཅས་པ་ཉིད་དུ་འགྱུར་བ་དང་། སྐྱེ་བ་ཐུག་པ་ཡོད་པར་འགྱུར་བའི་ཕྱིར། རང་གི་གྲུབ་པའི་མཐའ་དང་འགལ་བར་འགྱུར་རོ། །ཞེས་གསུངས་སོ། །འདིའི་དོན་འགྲེལ་ཚུལ་དུ་མ་ཡོད་དེ། དང་པོ་རང་ལུགས་ལ། ལེགས་ལྡན་འབྱེད་ན་རེ། སངས་རྒྱས་བསྐྱངས་ཀྱི་བདག་སྐྱེ་འགོག་ཚུལ་དེ་རིགས་པ་མ་ཡིན་ཏེ། དེ་འདྲའི་སྦྱོར་ངག་དེས་བདག་སྐྱེ་འགོག་ནུས་ཀྱི་རང་རྒྱུད་ཀྱི་རྟགས་དཔེ་ཡང་དག་དངོས་སུ་མ་བསྟན་པའི་ཕྱིར་དང་།  

    གཞན་གྲངས་ཅན་གྱིས་ཁྱོད་ཀྱིས་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ། ཞེས་པའི་དོན་འབྲས་བུ་མངོན་གསལ་གྱི་བདག་ཉིད་ལས་ཟེར་རམ། རྒྱུ་མི་གསལ་བ་གཙོ་བོའི་བདག་ཉིད་ལས་སྐྱེ་བར་འདོད། དང་པོ་ལྟར་ན་གྲུབ་ཟིན་སྒྲུབ་པ་ཡིན་ཏེ། གྲངས་ཅན་ཁོ་རང་འབྲས་བུ་མངོན་པར་གསལ་ཟིན་པའི་བདག་ཉིད་ལས་མི་སྐྱེ་བར་འདོད་པའི་ཕྱིར། གཉིས་པ་ལྟར་ན་ཁྱབ་པ་འགལ་བར་འགྱུར་ཏེ། སྐྱེ་ལྡན་ཐམས་ཅད་དེ་ལས་སྐྱེས་པའི་ཕྱིར། ཞེས་སྨྲ་བའི་ཉེས་པ་མ་བསལ་པའི་ཕྱིར་དང་། རྒོལ་བ་གཞན་གྱིས་ཀླན་ཀའི་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར། གླགས་ཇི་ལྟར་ཡོད་ཅེ་ན། དངོས་ཟིན་ལྟར་སྤྱིར་སྐྱེ་བ་དོན་མེད་དང་ཐུག་མེད་ཙམ་རྟགས་སུ་བྱེད་ན། དེ་འདྲའི་རྟགས་དེ་གཉིས་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་མེད་པས་ཕྱོགས་ཆོས་མི་འགྲུབ་ལ། དཔེ་ཡང་དག་ཀྱང་མེད་པས་སོ། །བདག་ལས་སྐྱེ་ན་སྐྱེ་བ་དོན་མེད་དང་ཐུག་མེད་དུ་འགྱུར་བ་རྟགས་སུ་བཀོད་ན་རྟགས་དེའི་ཕྱོགས་ཆོས་གྲུབ་ན་བསྒྲུབ་བྱ་གྲུབ་པར་འགྱུར་བ་དང་། འགྱུར་བའི་ཕྱིར་ཞེས་པའི་ཚིག་གི་ནུས་པ་ལ་དཔག་ན་བཟློག་དོན་གཉིས་རྟགས་སུ་བྱེད་དགོས་པས། མྱུ་གུ་བདག་ལས་སྐྱེ་ན་སྐྱེ་བ་དོན་མེད་དང་ཐུག་མེད་དུ་འགྱུར་བ་ལས་སྐྱེ་བ་དོན་བཅས་དང་ཐུག་བཅས་རྟགས་སུ་འགོད་པར་མངོན་ལ། དེ་ལྟར་ན་དངོས་ཟིན་གྱི་དམ་བཅའ་ཡང་བཟློག་དགོས་ཤིང་། དེ་ལ་རྟགས་སྐྱེ་བ་དོན་མེད་དང་ཐུག་མེད་ལས་ལོག་ནས་སྐྱེ་བ་དོན་བཅས་དང་ཐུག་བཅས་རྟགས་སུ་འགྱུར་བ་ལྟར། བདག་ལས་སྐྱེ་བ་མེད་དེ་ཞེས་པ་ལས་ལོག་ནས་བདག་ལས་སྐྱེ་དེ་ཞེས་བྱར་མེད་པས། བདག་སྐྱེ་རྣམ་པར་བཅད་ཙམ་དེ་ལོག་ན་མ་ཡིན་དགག་བསྒྲུབ་བྱའི་ཆོས་སུ་འགྱུར་ལ། མྱུ་གུ་སྐྱེ་བ་དོན་བཅས་དང་ཐུག་བཅས་སུ་ཁས་ལེན་པས་མྱུ་གུ་སྐྱེ་བར་ཁས་བླངས་ཤིང་། བདག་སྐྱེ་དངོས་སུ་བཀག་ཅིང་། སྐྱེ་བ་ལ་བདག་སྐྱེ་དང་གཞན་སྐྱེ་གཉིས་སུ་ཁ་ཚོན་ཆོད་པས་ཆོས་གཞན་སྐྱེ་ལྟ་བུར་འཕངས་པར་འགྱུར་ལ། དེ་ལྟར་ན་བདག་སྐྱེ་མེད་པར་སྒྲུབ་པའི་དམ་བཅའ་མེད་དགག་ཙམ་དུ་འདོད་པའི་རང་གི་གྲུབ་མཐའ་དང་འགལ་བར་འགྱུར་རོ། ། 

   མདོར་ན། ལེགས་ལྡན་གྱིས་སངས་རྒྱས་བསྐྱངས་རང་རྒྱུད་མི་བཞེད་པ་མ་དགོངས་ཤིང་། འགྲེལ་ངག་དེས་ཀྱང་འགལ་བརྗོད་ཀྱི་ཐལ་འགྱུར་གྱི་སྒོ་ནས་བདག་སྐྱེ་བཀག་པར་མ་དགོངས་པར། བདག་སྐྱེ་འགོག་བྱེད་ཀྱི་རྟགས་སྦྱོར་བཀོད་པ་གཞིར་བཞག་བྱས་ནས་སྐྱོན་དེ་ལྟར་བརྗོད་པ་ཡིན་ལ། སངས་རྒྱས་བསྐྱངས་ལེགས་ལྡན་རང་ཉིད་དང་མཐུན་པར་གཞན་སྐྱེ་ཐ་སྙད་དུ་འདོད་པར་གཞིར་བྱས་ཀྱིས་སྐྱེ་བ་ལ་བདག་སྐྱེ་དང་གཞན་སྐྱེ་གཉིས་སུ་ཁ་ཚོད་ཆོད་པར་བྱས་དེ་བཀག་པ་ཡིན་ནོ། །འདི་ནི་ཀུན་མཁྱེན་བླ་མ་དང་རྒྱལ་བ་དགེ་འདུན་རྒྱ་མཚོ་མཁས་གྲུབ་བསྟན་དར་བ་སོགས་ཀྱི་དགོངས་པ་ཡིན་ནོ། །ཡང་མཁས་གྲུབ་ཆོས་རྗེའི་སྟོང་ཐུན་ཆེན་མོ་ལས། འདིའི་སྐབས་བཟློག་དོན་རྟགས་སུ་འདོད་པ་ཇི་ལྟར་མངོན་ཞེ་ན། འགྱུར་བའི་ཕྱིར་ཞེས་པའི་སྔ་ཕྱི་གཉིས་ནི་བཟློག་པ་འཕེན་པའི་ཚིག་ཡིན་ལ། དེ་གཉིས་ཀྱིས་བཟློག་པ་འཕེན་ཚུལ་ཡང་། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བ་ལས་དོན་ཡོད་པའི་ཕྱིར་ཞེས་པ་དང་། སྐྱེ་བ་ཐུག་པ་མེད་པ་ཉིད་དུ་འགྱུར་བ་ལས་ཐུག་པ་ཡོད་པའི་ཕྱིར། ཞེས་གསུངས་ལ། འདི་ལ་དོགས་པ་ཁོ་བོ་ལ་འདི་ལྟར་བྱུང་སྟེ། ཤེས་རབ་སྒྲོན་མེ་ལས། དེའི་ཆོས་བཟློག་པའི་དོན་མངོན་པས་ཞེས་པའི་དོན་སྒྲུབ་བྱེད་ཀྱི་ཆོས་སམ་རྟགས་བཟློག་པའི་དོན་དུ་སངས་རྒྱས་བསྐྱངས་ཀྱིས་བཞེད་པར་འགྲེལ་བཤད་སོགས་ཀྱི་བཤད་པ་ལྟར་མ་གསུངས་པའི་རྒྱུ་མཚན་གང་ཡིན་བསམ་དགོས་ཡོད་དོ། །ཡང་ཁལ་ཁ་ཆོས་རྗེ་ངག་དབང་དཔལ་ལྡན་གྱི་དབུ་མ་ལེགས་བཤད་རྗེས་འབྲང་ལས། དེ་ལྟར་ན་དངོས་ཟིན་གྱི་དམ་བཅའ་ཡང་བཟློག་དགོས་ཏེ། རྟགས་བཟློག་ན་བསྒྲུབ་བྱའི་ཆོས་ཀྱང་བཟློག་དགོས་པ་ནི་རིགས་པ་སྨྲ་བ་སྤྱིའི་ལུགས་ཡིན་པའི་ཕྱིར། ཞེས་རྟགས་བཟློག་ན་བསྒྲུབ་བྱའི་ཆོས་ཀྱང་བཟློག་དགོས་པར་བཞེད་ཀྱང་། དེ་ནི་འཐད་པར་མི་སེམས་ཏེ། སྟོང་ཐུན་སྐལ་བཟང་མིག་འབྱེད་ལས། འདིར་རྣམ་བཤད་ཆེན་མོ་རིགས་པའི་རྒྱ་མཚོ་ལས་དངོས་ཟིན་གྱི་རྟགས་བཟློག་དགོས་ན་དངོས་ཟིན་གྱི་དམ་བཅའ་ཡང་བཟློག་དགོས་ཏེ་མཚུངས་པའི་ཕྱིར་རོ། །ཞེས་གསུངས་པ་ནི་དེ་གཉིས་རྒྱུ་མཚན་མཚུངས་པར་སྟོན་པ་མིན་ཏེ། སྐྱེ་བ་དོན་མེད་དང་ཐུག་མེད་ཙམ་རྟགས་སུ་བཀོད་པ་ལ་སྐྱོན་འབྱུང་ཚུལ་དང་།བདག་སྐྱེ་མེད་པར་བསྒྲུབ་བྱར་བྱས་པ་ལ་སྐྱོན་འབྱུང་ཚུལ་མཚུངས་པའམ་མཚུངས་པར་དོགས་པའི་གནས་ཙམ་ཡང་མེད་པའི་ཕྱིར་དང་། དངོས་ཟིན་གྱི་དམ་བཅའི་བཟློག་དོན་དམ་བཅའ་བར་ཐལ། དངོས་ཟིན་གྱི་རྟགས་ཀྱི་བཟློག་དོན་རྟགས་ཡིན་པའི་ཕྱིར། ཞེས་ནན་གྱིས་འཕུལ་བ་མ་ཡིན་པའི་ཕྱིར་རོ། །འོ་ན་གསུང་དེའི་དོན་གང་ཡིན་སྙམ་ན། ཐལ་འགྱུར་དང་རྟགས་གང་ཡིན་ཐམས་ཅད་ལ་དེ་ལྟར་སྨྲ་བ་མ་ཡིན་གྱི། འདིར་སངས་རྒྱས་བསྐྱངས་ཀྱིས་བདག་སྐྱེ་མེད་པར་སྒྲུབ་པའི་རྟགས་སུ་སྐྱེ་བ་དོན་བཅས་ཐུག་བཅས་འགོད་ན་བདག་སྐྱེ་རྣམ་པར་བཅད་ཙམ་གྱི་མེད་དགག་ལས་བཟློག་པའི་བཟློག་དོན་བསྒྲུབ་བྱར་ཁས་ལེན་དགོས་པར་མཚུངས་ཞེས་པ་སྟེ། དེ་ཁས་ལེན་དགོས་པར་མཚུངས་ཚུལ་ནི། གཞན་ལས་སྐྱེ་སྟེ་ཞེས་འགོད་དགོས་པར་མཚུངས་ཞེས་པའི་དོན་མིན་གྱི། བདག་སྐྱེ་རྣམ་པར་བཅད་ཙམ་མེད་དགག་བསྒྲུབ་བྱར་བྱེད་པ་ལས་བཟློག་པའི་དོན་མ་ཡིན་དགག་བསྒྲུབ་བྱར་འགྱུར་ཏེ། སྐྱེ་བ་དོན་བཅས་དང་ཐུག་བཅས་རྟགས་སུ་བཀོད་ན་དངོས་པོ་རྣམས་གཞན་ལས་སྐྱེ་བ་ཤུགས་ལ་འཕེན་པའི་ཕྱིར་ཞེས་པའི་དོན་ཏེ། དངོས་པོ་རྣམས་སྐྱེ་བ་དོན་བཅས་དང་ཐུག་བཅས་སུ་དངོས་སུ་སྨྲས་པས་དངོས་པོ་རྣམས་སྐྱེ་བར་སྨྲས་ཤིང་། བདག་ལས་སྐྱེ་བ་མེད་དེ་ཞེས་པས་བདག་ལས་སྐྱེ་བ་བཀག་ལ། སྐྱེ་བ་གཞིར་བྱས་ལ་བདག་སྐྱེ་གཞན་སྐྱེ་གཉིས་སུ་ཁ་ཚོན་ཆོད་པས། དངོས་པོ་རྣམས་སྐྱེ་བ་ཡིན་ཞིང་བདག་ལས་མི་སྐྱེ་ཞེས་སྨྲས་པ་ཉིད་ཀྱིས་གཞན་ལས་སྐྱེ་བ་འཕེན་པའི་ཕྱིར་ཏེ། ལྷས་བྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བ་སྨྲས་པའི་ཤུགས་ཀྱིས་མཚན་མོར་ཟས་ཟ་བ་འཕེན་པ་ཡིན་ནོ་སྙམ་དུ་བསམ་པ་སྟེ། ལེགས་ལྡན་འབྱེད་རང་ཉིད་ཐ་སྙད་དུ་གཞན་སྐྱེ་འདོད་པས་དེ་གཉིས་སུ་ཁ་ཚོན་ཆོད་པར་སྨྲའོ། །དེའི་ཕྱིར་ཀུན་མཁྱེན་བླ་མའི་གསུང་ལྟར་ལེགས་ལྡན་གྱི་ལུགས་ལ་ཐལ་འགྱུར་དང་རྟགས་གང་ཡིན་ཐམས་ཅད་ལ་དེ་ལྟར་བཟློག་དགོས་པར་བསྟན་པ་མ་ཡིན་ཀྱང་སངས་རྒྱས་བསྐྱངས་ཀྱི་བདག་སྐྱེ་འགོག་པའི་སྐབས་འདིར་དེ་ལྟར་དགོས་ཞེས་ལན་བྱས་ན་ལེགས་སམ་སྙམ། སྐབས་འདིར་རྟགས་བཟློག་ནས་འགོད་དགོས་པ་ཡིན་ཏེ།    རྩ་ཤེའི་ཊཱིཀ་ཆེན་ལས། དེས་ན་བཟློག་དོན་གཉིས་རྟགས་སོ།  །དེ་ལ་རྟགས་བཟློག་པ་ལྟར་བྱར་མེད་པས་བདག་སྐྱེ་རྣམ་པར་བཅད་ཙམ་མིན་པ་བཟློག་པའི་དོན་ནོ།  །ཞེས་གསུངས་པའི་ཕྱིར། ཡང་ན་ལེགས་ལྡན་གྱི་ལུགས་ལ་ཐལ་འགྱུར་དང་རྟགས་གང་ཡིན་ཐམས་ཅད་ལ་སྤྱིར་དེ་ལྟར་སྨྲ་བ་མ་ཡིན་གྱི། སྐབས་འདིར་རྟགས་བཟློག་ན་དམ་བཅའ་བཟློག་དགོས་པའི་རྒྱུ་མཚན་གཞན་ཡང་ཡོད་དེ། ལེགས་ལྡན་འབྱེད་ཀྱིས་འགྲེལ་ངག་འདིས་བདག་སྐྱེ་མེད་པར་སྒྲུབ་པའི་རྟགས་སྦྱོར་བསྟན་པར་གཞིར་བྱས། དེའི་དངོས་ཟིན་ལྟར་བཀོད་ན་རིགས་པས་གནོད་པ་མཐོང་ལ། དེས་ན་མཐའ་གཞན་འགོག་པའི་རིགས་པ་ལ་བརྟེན་ནས། དངོས་ཟིན་ལས་བཟློག་སྟེ་སྐྱེ་བ་དོན་བཅས་དང་ཐུག་བཅས་རྟགས་སུ་བསྟན་བར་འདོད་པས། དེའི་ཕུགས་སུ་བདག་སྐྱེ་བཀག་ཙམ་ལས་གཞན་པའི་སྐྱེ་བ་ཞིག་སྒྲུབ་འདོད་པར་མངོན་ལ། རྒྱུ་མཚན་དེ་དག་གི་ཤུགས་ཀྱིས་དམ་བཅའ་ཡང་བཟློག་དགོས་པར་གྲུབ་བོ། །ཡང་ན་གཞན་སྐྱེ་བསྒྲུབ་བྱའི་ཆོས་སུ་མ་བཀོད་ཀྱང་། དེ་ཤུགས་ལ་འཕང་བར་འདོད་པའི་འཁྲུལ་གཞི་ནི། སངས་རྒྱས་བསྐྱངས་ཀྱི་འགྲེལ་བར། རེ་ཞིག་སྐྱེ་བར་བརྗོད་པ་ཐ་སྙད་ཙམ་ཡིན་པ་དེ་ལྟར་རབ་ཏུ་སྟོན་ཅིག་བཤད་པ་ཞེས་དང་། སྐྱེ་བར་བརྗོད་པ་ནི་ཐ་སྙད་ཙམ་ཡིན་ནོ། །ཞེས་མཐའ་བཞིས་སྐྱེ་བ་འགོག་སྐབས་སྐྱེ་བ་ཐ་སྙད་པ་སྒྲུབ་འདོད་ཡོད་ལ། འདིར་རྟགས་སྐྱེ་བ་དོན་བཅས་དང་ཚོགས་པས་སྐྱེ་བ་ལ་བདག་སྐྱེ་གཞན་སྐྱེ་གཉིས་སུ་ཁ་ཚོན་ཆོད་པས་གཞན་སྐྱེ་འཕངས་སྙམ་པ་ཡིན་གྱི་ཞེས་པ་ལྟར་བྱའོ། འོ་ན། ལེགས་ལྡན་ལུགས་ལ་མདོར་བསྟན་གྱི་གཞུང་གིས་བདག་སྐྱེ་འགོག་ནུས་ཀྱི་གཏན་ཚིགས་ཡང་དག་བརྗོད་པར་ཐལ། ཡིག་ཆར། དབང་རྟུལ་འདྲ་མ་གཏོགས་དབང་རྣོན་ལ་དེ་དེ་སྒྲུབ་གྱི་རྟགས་ཡང་དག་ཏུ་མི་རུང་བའི་ཕྱིར། ཞེས་དབང་རྟུལ་འགའ་ཞིག་ལ་དེ་སྦྱོར་བ་ཡང་དག་དུ་སོང་བར་བསྟན་པའི་ཕྱིར་ཟེར། འོན་ཀྱང་ཡིག་ཆའི་ཚིག་ཟིན་གཅིག་ལ། དེ་སྒྲུབ་གྱི་ཆོས་ཅན་དེ་རྟགས་དེ་ཡིན་པར་་རྟོགས་ན་བསྒྲུབ་བྱ་གྲུབ་པའི་ཁྱབ་བར་གསུངས་པས་རྟགས་ཡང་དག་དུ་མི་འགྲོ་བར་གསུངས་ལ། གྲུབ་མཐའ་རྩ་བ་ལས་ཀྱང་། སྐྱེས་པའི་ཚུལ།  །སྔར་ཡོད་གསལ་འགྱུར་ཞེས་གསུངས་པས་སྐྱེ་བའི་དོན་རང་རྒྱུ་དུས་ན་ཡོད་པ་སླར་སྐྱེ་བའི་དོན་ཡིན་པར་གསུངས་པས་གྲངས་ཅན་གྱིས་སྐྱེ་བ་མ་རྟོགས་པར་ལྟ་བུར་འདུག་གོ། །དེ་ལ་མཁས་པ་ཁ་ཅིག་གིས་ཆོས་གང་ཞིག་སྐྱེ་བར་རྟོགས་ཙམ་གྱིས་བདག་སྐྱེ་ཁེགས་པར་མི་ནུས་ཏེ། མྱུ་གུ་ལྟ་བུ་སྐྱེ་བ་ཙམ་ཞིག་ནི་གྲུབ་མཐའ་ལ་བློ་མ་སྦྱངས་པའི་འཇིག་རྟེན་རང་དགའ་བ་དག་གིས་ཀྱང་གྲུབ་པའི་ཕྱིར་ཏེ། དེ་དག་གིས་མྱུ་གུ་སྔར་མེད་གསར་སྐྱེ་མཐོང་ནས་དེའི་རྒྱུ་ཚོགས་ལ་ངལ་བ་བརྟེན་ཏེ་རྩོལ་སྒྲུབ་བྱེད་པའི་ཕྱིར་ཟེར། ཡང་ཡིག་ཆ་སྒྲ་སོར་བཞག་བྱེད་པའི་མཁས་པ་མང་པོས་གྲངས་ཅན་གྱིས་མྱུ་གུ་སྐྱེ་བར་མ་རྟོགས་ཏེ། མྱུ་གུ་རྒྱུ་ལས་སྐྱེ་བར་རྟོགས་པ་ལ་རྒྱུ་དུས་ན་མེད་ཀྱང་རྒྱུའི་མཇུག་ཐོག་སུ་གསར་དུ་སྐྱེ་བ་ཞིག་རྟོགས་དགོས་པའི་ཕྱིར་ཏེ། མྱུ་གུ་སྐྱེ་བ་དེ་ལྟར་ཡིན་པའི་ཕྱིར་ཟེར། འདི་ལ་ཡང་འགའ་ཞིག་གིས་མྱུ་གུ་སྐྱེ་བར་རྟོགས་ན་རང་རྒྱུའི་དུས་ན་མེད་ཀྱང་རྒྱུའི་མཇུག་ཐོག་སུ་གསར་སྐྱེས་རྟོགས་དགོས་ན། མྱུ་གུ་སྐྱེ་བར་རྟོགས་ན་དེ་རང་རྒྱུ་དང་བཅས་པར་རྟོགས་པའི་ཁྱབ་བར་ཐལ། འདོད་ན། སྡེ་བདུན་རྒྱན་ལས། སྡུག་བདེན་རང་རྒྱུ་ཡོད་པར་སྒྲུབ་པ་ལ་རེས་འགའ་སྐྱེ་བའི་དངོས་པོ་ཡིན་པ་རྟགས་སུ་བཀོད་པ་ལྟ་བུ་རྒྱུའི་རང་ལྡོག་སྒྲུབ་པ་དང་། ཞེས་དང་། ཡོངས་འཛིན་རྟགས་རིགས་ལས་ཀྱང་དེ་ལྟར་གསུངས་ལ། དེ་ཙམ་མ་ཟད་ཕྱི་རོལ་གྲངས་ཅན་གྱིས་རང་ཉིད་མ་ལས་སྐྱེས་པ་དང་ས་བོན་ལས་མྱུ་གུ་སྐྱེ་བ་སོགས་མ་རྟོགས་པར་ཐལ་བའི་རིགས་པའི་གནོད་སྒྲུབ་མང་དུ་འཕེན་ནོ། །འོན་ཀྱང་ཀུན་མཁྱེན་རྣམ་འགྲེལ་ཡིག་ཆ་ལས། ཡང་ཁ་ཅིག རེས་འགའ་སྐྱེ་བའི་དངོས་པོ་དེ་ཉེར་ལེན་གྱི་ཕུང་པོ་རང་རྒྱུ་དང་བཅས་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཟེར་ན། འོ་ན།  དེའི་རྟགས་ཀྱིས་དེ་སྒྲུབ་གྱི་ཕྱི་རྒོལ་ཡང་དག་ཡོད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཉེར་ལེན་གྱི་ཕུང་བོ་རེས་འགའ་སྐྱེ་བའི་དངོས་པོར་ཚད་མའི་ངེས་པའི་གང་ཟག་དུ་ཐལ་ལོ།  །ཆོས་ཅན་དེའི་ཕྱིར། འདོད་ན། ཉེར་ལེན་གྱི་ཕུང་བོ་རེས་སྐྱེ་བར་ཚད་མས་ངེས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་སྐྱེ་བར་ཚད་མས་ངེས་པར་ཐལ། འདོད་པའི་ཕྱིར།  འདོད་ན། དེ་རང་རྒྱུ་ལས་སྐྱེ་བར་ཚད་མས་ངེས་པའི་གང་ཟག་དུ་ཐལ་ལོ།  །ཞེས་གསུངས་པས་དཔྱད་པར་བྱའོ།  །ཡང་ཚད་མ་སྡེ་བདུན་རྒྱན་ལས། མེ་ཡོད་ན་དུ་བ་སྐྱེ་བ་དང་། མེད་ན་མི་སྐྱེ་བ་མངོན་སུམ་དུ་མཐོང་ཡང་། མེ་དུ་ལ་རྒྱུ་འབྲས་ཀྱི་ཐ་སྙད་མ་ཤེས་པར་ཐ་སྙད་ལ་རྨོངས་པའི་རྒོལ་བ་བླུན་པོ་འགའ་ཞིག་ཀྱང་ཡོད་དེ། གཞན་དུ་ན་རྒྱང་འཕེན་དག་དུ་བ་རྒྱུ་མེད་དུ་སྒྲོ་འདོགས་པར་མི་འགྱུར་རོ། །ཞེས་རྒྱང་འཕེན་གྱིས་དུ་བ་མེ་ལས་སྐྱེས་པར་རྟོགས་ཀྱང་དུ་བ་རྒྱུ་མེད་དུ་འཛིན་པར་གསུངས་པ་ལ་དཔག་ནས་འགའ་ཞིག་གིས་གྲངས་ཅན་གྱིས་ཀྱང་མྱུ་གུ་སྐྱེ་བར་རྟོགས་ཀྱང་རྒྱུ་འབྲས་ཀྱི་འབྲེལ་བ་མ་རྟོགས་ཞེས་པའི་ཞིབ་ཆ་འབྱེད་པས་དཔྱད་པར་བྱའོ། །     

གསུམ་པ་དེ་དཔལ་ལྡན་ཟླ་བས་ཇི་ལྟར་བཀག་པའི་ཚུལ་ནི། ཚིག་གསལ་ལས། སྐྱོན་འདི་ཐམས་ཅད་ནི་རིགས་པ་མ་ཡིན་པར་ཁོ་བོ་ཅག་གིས་མཐོང་ངོ་། །ཞེས་སོགས་ཀྱིས་བཀག་སྟེ། འདིའི་དོན་མདོར་བསྡུས་ཀྱི་ཚུལ་དུ་འགྲེལ་ན་ལེགས་ལྡན་གྱིས་སངས་རྒྱས་བསྐྱངས་ལ་བརྗོད་པའི་སྐྱོན་དེ་ཐམས་ཅད་རིགས་པ་མ་ཡིན་པར་ཁོ་བོ་ཅག་གིས་མཐོང་ངོ་། །དེ་ཡང་སངས་རྒྱས་བསྐྱངས་ལ་སྐབས་འདིར་བདག་སྐྱེ་འགོག་ནུས་ཀྱི་རང་རྒྱུད་ཀྱི་རྟགས་དཔེ་མ་བརྗོད་པའི་ཆ་ནས་སྐྱོན་ཡོད་པ་མ་ཡིན་ཏེ། དེ་འགོག་པ་ལ་ངེས་པར་རང་རྒྱུད་ཀྱི་རྟགས་དཔེ་བརྗོད་མི་དགོས་པའི་ཕྱིར་ཏེ། དེ་མ་བརྗོད་ཀྱང་བདག་སྐྱེ་འགོག་ནུས་ཀྱི་འགལ་བརྗོད་ཀྱི་ཐལ་འགྱུར་གཉིས་བསྟན་པ་གང་ཞིག །དེས་བདག་སྐྱེ་ལེགས་པར་འགོག་ནུས་པའི་ཕྱིར་ཏེ། དེ་དག་གིས་བདག་སྐྱེ་འགོག་མི་ནུས་ན་རང་རྒྱུད་ཀྱི་རྟགས་དཔེ་བརྗོད་པའི་ཀྱང་བདག་སྐྱེ་འགོག་མི་ནུས་པར་མཚུངས་པས་དེའི་ཚེ་ཕྱིར་རྒོལ་དངོས་སུ་བསྙོན་འདིང་པ་ལ་ཞུགས་པ་ཡིན་ནོ། །ཞེས་སོགས་ཀྱི་རིགས་པས་ལེགས་ལྡན་ལེགས་པར་བཀག་སྟེ་སངས་རྒྱས་བསྐྱངས་ཀྱི་རང་ལུགས་སྐྱོན་མེད་དུ་བསྒྲུབས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1