ཤར་རྒྱལ་མོ་རོང་དུ་དུས་ཆེན་ཁྱད་པར་ཅན་འདི་འདྲ་ཞིག་ཚེས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 03-21


        སྤྱི་ཚེས19ཉིན་རོང་བྲག་རྫོང་དུ་ལི་མེ་ཏོག་བཞད་པའི་དུས་ཆེན་གྱི་བྱེད་སྒོ་དུས་ལྟར་སྤེལ།

        ཟླ་ངོ་འགའ་ཡི་རིང་གི་འཆར་འགོད་ཞིབ་ཚགས་བྱས་པ་བརྒྱུད། རོང་བྲག་ལི་མེ་ཏོག་སླར་ཡང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཁྲི་སྟོང་མང་པོའི་མིག་དབང་གི་བདུད་རྩི་རུ་བཞད་ཡོད་པ་རེད། བྱེད་སྒོ་འགོ་བརྩམས་མ་ཐག་བྲག་སྟེང་གྲོང་རྡལ་གྱི་ཟློས་གར་ཚོགས་པས《ཤྭ་འཆམ་གྱིས་དཔྱིད་ཀ་བསུ》ཞེས་པའི་གར་འཆམ་གྱིས“ཀྲུང་གོའི་ཆེས་མཛེས་པའི་ཡུལ་སྡེ”ཡི་མཛེས་སྡུག་གི་རི་མོ་རེ་རེ་ལྟད་མོ་བའི་ཡིད་སེམས་ཀྱི་དཔལ་དུ་ཕུལ་ཡོད་ལ།《ལི་མེ་ཏོག་འོག་གི་བྱིས་དུས》དང་།《ལྷ་མོས་ཕྱག་དབང་གནང་བ》《རོང་བྲག》སོགས་སྣ་མང་ཕུན་སུམ་ཚོགས་པའི་གླུ་གར་འཁྲབ་སྟོན་གྱི་ཉམས་འགྱུར་རེ་རེས་ལོ་ངོ་སྟོང་ཕྲག་མང་པོའི་རིང་གི་ས་གཞི་འདིའི་ཐོག་གི་མཛེས་སྡུག་ལྡན་པའི་གཏམ་རྒྱུད་དང་། མེས་པོའི་བློ་རིག་དང་སྙིང་སྟོབས་མཚོན་ཡོད།


        ལ་གཞས་དང་། སྐོར་བྲོ། ལྷ་མོ་ཟློས་གར། རྒྱན་གོས་སོགས་ངོ་མཚར་བའི་འཁྲབ་སྟོན་རེ་རེ་དང་། སྙན་ཞིང་འཇེབས་པའི་གླུ་དབྱངས་དང་སྤྲོ་སྣང་དོད་པའི་ཞབས་བྲོའི་ཉམས་འགྱུར་རེ་རེ་ལ། ཡུལ་སྐོར་བའི་སྐུ་མགྲོན་མང་པོ་དང་ས་གནས་རང་གི་མང་ཚོགས་སོགས་ཀྱིས་དགའ་བསུ་ཐོབ་ཅིང་། ཁོ་ཚོས་ཐེངས་འདིའི་རིག་རྩལ་བྱེད་སྒོ་ལ་ཡུན་རིང་རེ་སྒུག་བྱས་པ་ཡིན་ཟེར།




        ད་ལོའི་ལི་མེ་ཏོག་བཞད་པའི་དུས་ཆེན་འདི་སྔོན་དང་མི་འདྲ་བ་གང་ཡོད་དམ། འདི་ལ་རོང་བྲག་རྫོང་ཨུའི་རྒྱུན་ཨུ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཙེང་ཀོན་ཤིའུ་ཡིས་ངོ་སྤྲོད་བྱས་དོན། “མཛེས་མའི་ལུང་པའི2023ལོའི་མེ་ཏོག་དུས་ཚིགས་ཀྱི་བྱེད་སྒོ་རབ་དང་རིམ་པའི་ནང་གཟུགས་མེད་རིག་གནས་ཤུལ་བཞག་ལ་ཉམས་ཞིབ་བྱེད་ཐུབ་ཅིང་། སྒྱུ་རྩལ་འགྲེམས་སྟོན། རྒྱལ་རོང་ཟས་མཆོག། པར་རིས་འགྲེམས་སྟོན། ཞིང་ལས་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་སོགས་གཞི་རྒྱུ་མང་པོ་འདུས་ཡོད་པས་རིག་གནས་དར་སྤེལ་དང་། འཕེལ་རྒྱས་ལ་སྐུལ་འདེད། དམངས་འཚོར་ཕན་འདོགས། ཞི་མཐུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དམིགས་ཡུལ་དང་། རིག་གནས་ཡུལ་སྐོར་དང་། ཞིང་ལས་དང་ཚོང་ལས་སོགས་ཀྱི་མཉམ་འབྲེལ་མཉམ་ལས་ལ་དགེ་མཚན་བླ་མེད་ལྡན་ཡོད།

        ལི་མེ་ཏོག་བཞད་པའི་དུས་ཆེན་གྱི་བྱེད་སྒོ་སྤེལ་བ་འདིས་རོང་བྲག་རྫོང་གི་རི་བོ་རྒྱུད་ཀྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཁྱོན་ཡོངས་དང་ཟུར་ཚད་མང་པོའི་ཐོག་ནས་མངོན་པར་མ་ཟད། རོང་བྲག་རྫོང་གི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་མི་སེར་གྱི་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་ཡག་པོ་ཞིག་ཏུ་གྱུར་ཡོད།

        སྔ་དྲོའི་ཆུ་ཚོད11བར་དུ་ཁམས་ཀྱི་འཕྲིན་སྦྱོར་གྱི་བརྙན་ལམ་དང་། དཀར་མཛེས་འཁྱུག་དབྱིངས། རོང་བྲག་དྲིལ་བསྒྲགས་བརྙན་ལམ། རོང་བྲག་འཁྱུག་དབྱིངས་བཅས་ནས་ཐད་གཏོང་ལ་ལྟ་མཁན་མིའི་ཐེངས་གྲངས་ཁྲི50ལ་སླེབས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1