དཀར་མཛེས་རྫོང་གིས་གཟུགས་མེད་རིག་གནས་ཤུལ་བཞག་སྐོར་གྱི་བྱེད་སྒོ་འདི་འདྲ་ཞིག་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 03-23


        སྤྱི་ཟླ3པའི་ཚེས21ཉིན། དཀར་མཛེས་རྫོང་གཟུགས་མེད་རིག་གནས་ཤུལ་བཞག་འགྲེམ་སྟོན་སྐབས་དང་པོའི་མཛད་སྒོ་དེ་རྫོང་གྲོང་གི་ནོར་བུ་གླིང་ཐང་ཆེན་དུ་སྤེལ།

        མཛད་སྒོ་འདི་ནི་དཀར་མཛེས་རྫོང་ཨུ་དང་། དཀར་མཛེས་རྫོང་མི་དམངས་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་མཛད་ཅིང་དཀར་མཛེས་རྫོང་ཨུའི་དྲིལ་སྒྲོག་པུའུ་དང་དཀར་མཛེས་རྫོང་རིག་གནས་ཡུལ་སྐོར་ཅུས་གཉིས་ཀྱིས་འགན་སྒྲུབ་ཁུར་ཏེ།ཁྱད་འཕགས་རྨད་བྱུང་གི་དཀར་མཛེས་ནོར་བུའི་གླིང་གི་སྲོལ་རྒྱུན་གྱི་རིག་གནས་དག་བརྒྱུད་འཛིན་དང་དར་སྤེལ་བྱ་ཆེད། དཀར་མཛེས་རྫོང་གི་སྲོལ་རྒྱུན་ལྷ་རིས་དང་མགར་བཟོ། སྲེག་བྲིས། ཚེམ་བཟོ། ཤིང་རྐོས། སྤོས་སྦྱོར། དམངས་ཁྲོད་རྩོམ་རིག་སོགས་ཀྱི་བརྒྱུད་འཛིན་པ་མི་གྲངས30ལྷག་ལ་དངོས་སུ་རྫོང་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་བརྒྱུད་འཛིན་པའི་མིང་རྟགས་དང་ལག་ཁྱེར་གནང་བ་རེད། དེ་ལས་སྲོལ་རྒྱུན་རི་མོའི་བརྒྱུད་འཛིན་པ་མི30ལྷག་དང་། སྲོལ་རྒྱུན་ལག་རྩལ་བརྒྱུད་འཛིན་པ15 །  དམངས་ཁྲོད་གླུ་གར་སྒྱུ་རྩལ་སྐོར་གྱི་བརྒྱུད་འཛིན་པ10ལྷག ། དེ་མིན་སྲོལ་རྒྱུན་ལུས་རྩལ་གྱི་སྐོར་ལས་མདོ་བ་རྟའི་རིག་གནས་སྐོར་གྱི་བརྒྱུད་འཛིན་པ། དམངས་ཁྲོད་སྲེག་རིས་བརྒྱུད་འཛིན་པ། དམངས་ཁྲོད་གཡག་འཆམ་སྐོར་གྱི་བརྒྱུད་འཛིན་པ། རྡུལ་ཚོན་སྐོར་གྱི་བརྒྱུད་འཛིན་པ། མར་རྒྱུན་སྐོར་གྱི་བརྒྱུད་འཛིན་པ། དམངས་ཁྲོད་ཞལ་ཟས་གཡོ་སྦྱོར་སྐོར་གྱི་བརྒྱུད་འཛིན་པ། དམངས་ཁྲོད་རྩོམ་རིག་བརྒྱུད་འཛིན་པ་སོགས་ཡོད་ལ། ད་དུང་ཕན་བདེ་ཐང་ག་གླིང་སོགས་ལས་སྒྲུབ་ཁང་དགུ་ལ་གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་རྟེན་གཞི་བཙུགས།

        རྫོང་ཨུ་དང་རྫོང་སྲིད་གཞུང་། རྫོང་སྲིད་གྲོས། རྫོང་བཟོ་ཚོང་ཚོགས་པ། རྫོང་སྤྱི་བདེ་ཅུས་སོགས་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱི་མགོ་ཁྲིད་མཛད་སྒོར་ཞུགས།

        དཀར་མཛེས་རྫོང་གླུ་གར་ཚོགས་པས་ལྷ་མོའི་ཟློས་གར་ལས་བཀྲ་ཤིས་པ་སོགས་བྲོ་གར་གྱི་སྐོར་དང་།  དམངས་ཁྲོད་གཡག་འཆམ་བརྒྱུད་འཛིན་པ། དམངས་གླུ་བརྒྱུད་འཛིན་པ། དཀར་མཛེས་རྡོ་བྲོ་བརྒྱུད་འཛིན་པ་སོགས་ཀྱིས་འཁྲབ་སྟོན་གྱ་ནོམ་པ་བྱས།

        རྫོང་དང་ཁུལ། ཞིང་ཆེན། རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་པ་འགའ་རེས་གཏམ་བཤད་སྤེལ།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1