དཀར་མཛེས་ཁུལ་གྱི་ཁེ་ལས་འདི་ཞིང་ཆེན་རིམ་པའི་འཕེལ་རྒྱས་རྟེན་གཞིའི་ནང་ཚུད།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 03-24


        ཉེ་ཆར། དཀར་མཛེས་ཁུལ་གྱི་བརྒྱད་ཟིལ་རྫོང་གི་རི་སྐྱེས་བཟའ་བྱའི་ཤ་མོ་རྟེན་གཞི་དེ་སི་ཁྲོན་ཞིང་ཆེན་ཞིང་ལས་དང་ཞིང་སྡེ་ཐིང་གིས་ཞིང་ཆེན་རིམ་པའི་ཞིང་ལས་རྒྱལ་སྤྱིའི་ཉོ་ཚོང་འཕེལ་རྒྱས་སྤུས་ཚད་མཐོན་པོའི་རྟེན་གཞིར་གཏན་འཁེལ་བྱས་ཤིང་། 2022ལོར་ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཕྱི་ཕྱོགས་ཉོ་ཚོང་རྟེན་གཞི་བཅུའི་གྲས་སུ་བདམས་པ་དང་ཆབས་ཅིག། རྟེན་གཞི་དེའང་ཞིང་ཆེན་ཡོངས་ཀྱི་རི་སྐྱེས་འཚོལ་བསྡུ་རིགས་ཀྱི་སྐྱེ་ལྡན་ཞིང་ལས་ཐོན་རྫས་ཕྱི་ཕྱོགས་ཉོ་ཚོང་རྟེན་གཞི་གཅིག་པུ་དེ་ཡིན་པ་རེད།

        ཞིང་ཆེན་རིམ་པའི་ཞིང་ལས་ཀྱི་རྒྱལ་སྤྱིའི་ཉོ་ཚོང་འཕེལ་རྒྱས་སྤུས་ཚད་མཐོན་པོའི་རྟེན་གཞི་སྐྱེད་སྲིང་དང་འཛུགས་སྐྲུན་བྱ་རྒྱུ་ནི་སི་ཁྲོན་གྱིས་ཞིང་ལས་ཕྱིར་གཏོང་གི་ཞན་ཆ་ལ་དམིགས་ནས་བཏོན་པའི་བྱེད་ཐབས་གལ་ཆེན་ཞིག་རེད། 2021ལོར་གསར་འཛུགས་ཡིག་ཞུའི་ལས་དོན་འགོ་ཚུགས་པ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་ཕྱིར་གཏོང་སྣེ་ཁྲིད་ཁེ་ལས20ཙམ་ལ་ངོས་འཛིན་ཐོབ་པ་རེད། ཉེ་བའི་ལོ་ཤས་རིང་། བརྒྱད་ཟིལ་རྫོང་ཞང་ཧའེ་རི་སྐྱེས་ཐོན་ཁུངས་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གིས་སྔ་རྗེས་སུ་བེ་ཤ་དང་སྟག་སུག་ཤ་མོ། བྱ་སུག་བྱེའུ་སུག་སོགས་རི་སྐྱེས་འཚོལ་བསྡུ་རིགས་ཀྱི་སྐྱེ་ལྡན་དཔང་དངོས་བདེན་པ་ར་སྤྲོད་ཀྱི་ཐོན་རྫས10ལྷག་ཡིག་ཞུ་བྱས་པ་རེད། ད་ཐེངས་བདེ་བླག་ངང་བདམས་ཐོན་བྱུང་བ་དང་། དཀར་མཛེས་ཁུལ་གྱི་སྐྱེ་ལྡན་ཁུལ་གྱི་རི་སྐྱེས་འཚོལ་བསྡུ་རིགས་ཀྱི་ཐོན་རྫས་སྤུས་ལེགས་བཏོད་པ་དང་། ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་གཏང་སྟེ། དཀར་མཛེས་ཁུལ་གྱི་སྐྱེ་ཁམས་སྐྱེ་ལྡན་ཞིང་ལས་ཐོན་རྫས་རྒྱལ་ཕྱི་རུ་བསྐྱོད་པར་སྐུལ་བའི་ཐད་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་བཟང་པོ་ཐོན་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1