ཛཾ་ལྷའི་ནོར་གླིང་གི་རིག་གནས་སྒྱུ་རྩལ་འགྲེམ་སྟོན།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-24


     2023ལོའི་ཟླ་3པའི་ཚེས་11ཉིན། ཛཾ་ལྷའི་ནོར་གླིང་གི་སྣ་མང་རིག་གནས་སྒྱུ་རྩལ་འགྲེམས་སྟོན་ཧྲང་ཧའེ་ལྟེ་གནས་ཆེས་མཐོའི་ཐོག་ཁང་ནོར་མཛོད་གླིང་ནས་བསྡུས།  མཛད་སྒོ་འདི་ནི་ཕྱི་ལོ་གསར་བའི་ནང་གི་འགྲེམས་སྟོན་ཐོག་མ་དེ་ཡིན་ལ། སློབ་གླིང་གི་རྒྱུད་འཛིན་མཁན་ཚོས་ཉེ་དུས་གསར་རྩོམ་གནང་བའི་བརྩམས་ཆོས་བརྒྱ་ཕྲག་ལ་ཟིན་པ་བཤམས་སྟོན་བྱས་ནས། མི་ལོ་མང་པོའི་རིང་ཤར་ནུབ་རྒྱུད་ཀྱི་རིག་གནས་སྤེལ་རེས་དང་གསར་གཏོད་ཀྱི་ལས་གཞི་ཡི་གྲུབ་འབྲས་མངོན་གསལ་ཅན་གྱི་མཛད་སྒོ་གལ་ཆེན་ཞིག་ཡིན།

        དེ་ཡང་མི་ལོ་བཅུ་ཕྲག་ལྷག་གི་རིང་ལ་སློབ་དཔོན་རིན་པོ་ཆེ་མཆོག་སྤྲུལ་འཇམ་དབྱངས་བློ་གྲོས་ཁོང་གི་བླ་ན་མེད་པའི་དབུ་འཁྲིད་དང་ལམ་སྟོན་འོག །དགེ་རྒན་རྣམ་པའི་ལྷག་བསམ་གཙང་མའི་མཛུབ་ཁྲིད་དང་།  སློབ་མ་རང་སོ་སོས་ཀྱང་གཉིད་བཅག་ཟས་བརྗེད་ཀྱིས་དཀའ་སྤྱད་སྡུག་རུས་བྱས་པའི་གྲུབ་འབྲས་སུ།   ད་ཐེངས་ཀྱི་གོ་སྐབས་འདི་དང་བསྟུན་ཏེ་ཁོང་ཅག་གི་ཕུལ་བྱུང་བརྩམས་ཆོས་ཐང་ག་དང་རྫ་ཆས།  འཇིམ་བཟོ་དང་བརྐོས་རིས། མགར་བཟོ།  བོད་སྨན་དང་འཚེམ་བཟོ་སོགས་གནའ་བོའི་ཁྱད་དུ་འཕགས་པའི་མཛེས་དཔྱོད་ཀྱི་རིན་ཐང་མ་ཉམས་པའི་སྟེང་།  རང་གི་རྣམ་དཔྱོད་ཀྱི་རྩལ་ལས་འཁྲུངས་པའི་སྒྱུ་རྩལ་གྱི་ཁྱད་ཆོས་འབུར་དུ་ཐོན་པའི་བརྩམས་ཆོས་མང་པོ་ཞིག་འགྲེམས་སྟོན་བྱ་རྒྱུའི་གོ་སྐབས་བྱུང་བ་འདི་ཡང་། རང་མི་རིགས་ཀྱི་རིག་གནས་སྤྱི་དང་ཁྱད་པར་དུ་ས་གནས་ཀྱི་གཟུགས་མེད་ཤུལ་བཞག་རིག་གནས་དར་སྤེལ་རྒྱུན་གནས་ཡོང་བར་ནུས་པ་བླ་ལྷག་ལྡན་པར་མ་ཟད།  སློབ་མ་སོ་སོའི་མ་འོངས་པའི་ཕུགས་བསམ་དང་མཚར་སྡུག་ལྡན་པའི་མདུན་ལམ་ལའང་སྔ་ན་མེད་པའི་གོ་སྐབས་ཡག་པོ་ཞིག་བསྐྲུན།




        འགྲེམ་སྟོན་མཛད་སྒོ་འདི་ལ་ཧྲང་ཧའེ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་གཟུགས་མེད་ཤུལ་བཞག་རིག་གནས་ཁང་དང་། ཧྲང་ཧའེ་གྲོང་ཁྱེར་གཟུགས་མེད་ཤུལ་བཞག་རིག་གནས་སྲུང་སྐྱོང་ལྟེ་གནས། སི་ཁྲོན་ཞིང་ཆེན་གཟུགས་མེད་ཤུལ་བཞག་རིག་གནས་སྲུང་སྐྱོང་ལྟེ་གནས། ཧྲང་ཧའེ་ཕུའུ་ཏུང་གྲོང་ཁུལ་གསར་པའི་རིག་གནས་གསར་གཏོད་ཐོན་ལས་ཀྱི་འགོ་ཁྲིད་ཚན་ཆུང་གི་གཞུང་ལས་ཁང་། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འཛམ་ཐང་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་བཅས་ཀྱིས་མཛུབ་སྟོན་འགན་ལེན་བྱས་པའི་ཐོག །ཕྱོགས་གཉིས་ཀའི་འགོ་ཁྲིད་གཙོ་བོ་ཁག་ཅིག་འགྲེམས་སྟོན་ལ་མཉམ་ཞུགས་བྱས་པར་མ་ཟད། ཀྲུང་དབྱང་ཏང་གི་སློབ་གྲྭ་དང་ཧྲང་ཧེ་སྒྱུ་རྩལ་སློབ་གླིང་། ཧྥུའུ་ཏན་སློབ་ཆེན་སོགས་ནས་ཕེབས་པའི་རྒྱལ་ནང་གི་མཁས་དབང་དང་སྒྱུ་རྩལ་པ་གྲགས་ཅན། གཟུགས་མེད་ཤུལ་བཞག་རིག་གནས་རྒྱུན་འཛིན་པ་སོགས་ཀྱིས་ཡུལ་དངོས་ནས་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་དང་།   ས་གནས་ཀྱི་རིག་གནས་ཕྱི་ཕྱོགས་སུ་སྤེལ་བ་སོགས་ཀྱི་ཐད་ནས་བགྲོ་གླེང་ཟབ་མོ་གནང་།




        ཐེངས་འདིའི་འགྲེམས་སྟོན་གྱིས་མཚོན་པའི་རྒྱལ་ནང་གི་ས་གནས་སོ་སོར་དེ་སྔོན་སྤེལ་བ་དང་ཕྱིན་ཆད་སྤེལ་འཆར་གྱི་འགྲེམས་སྟོན་ཁག་ནི། མ་འོངས་པའི་བདག་པོ་སྟེ་གཞོན་ནུ་ཤེས་ལྡན་པ་ཚོས་རང་གི་རིག་གནས་དང་ལག་རྩལ་ལ་བརྟེན་ཏེ་རང་གི་བྱ་གཞག་དར་སྤེལ་གཏོང་བ་དང་།  དུས་རབས་ཀྱི་འགྲོས་དང་བསྟུན་ནས་རང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པའི་སྙིང་སྟོབས་དང་ཐབས་ཤེས་ཕུལ་ཏུ་བྱུང་བ་ཞིག་ཏུ་མ་ཟད།   ཐབས་ལམ་འདི་ལ་བརྟེན་ཏེ་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱལ་སྤྱིའི་གར་སྟེགས་སུ་བཀྲམ་པར་བྱས་ཏེ།  ས་གནས་མི་དམངས་ལ་གཟུགས་མེད་རིག་གནས་རྒྱུན་འཛིན་དར་སྤེལ་དང་། རིག་གནས་ཐོན་ལས་ཅན་དུ་བསྒྱུར་ཏེ་མ་འོངས་པར་འབྱོར་ཕྱུག་ལྡན་པའི་ཁྱིམ་གཞིས་གསར་པ་ཞིག་འཛུགས་པར་སྐུལ་མ་ནན་མོ་ཐེབས་པར་བྱས་ཡོད།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1