ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ལི་སྨི་ཧྲུའུ་སི་ཅིང་དང་མཇལ་འཛོམས་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 03-24


ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་21ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ཐོག་བརྩེགས་ཁང་ཆེན་དུ་ཨུ་རུ་སུའི་ཙུང་ལི་སྨི་ཧྲུའུ་སི་ཅིང་དང་མཇལ་འཛོམས་གནང་བ།

        ཤིན་ཧྭ་གསར་འགྱུར་ཁང་མོ་སི་ཁོ་ནས་ཟླ་3ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་21ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ཐོག་བརྩེགས་ཁང་ཆེན་དུ་ཨུ་རུ་སུའི་ཙུང་ལི་སྨི་ཧྲུའུ་སི་ཅིང་དང་མཇལ་འཛོམས་གནང་བ་རེད།

        ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཨུ་རྒྱལ་ཁབ་གཉིས་པོ་ནི་ཁྱིམ་མཚེས་རྒྱལ་ཁབ་ཆེ་ཤོས་ཡིན་ལ་ཕྱོགས་ཡོངས་འཐབ་ཇུས་ཀྱི་མཉམ་ལས་རོགས་ཟླ་ཞིག་ཀྱང་ཡིན་པས། ཀྲུང་ཨུའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་བྱེད་པ་དེ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལོ་རྒྱུས་ཀྱི་གཏན་ཚིགས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཡོད། ཀྲུང་གོས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་གྲུབ་འབྲས་ཐོབ་པའི་ངང་འཚོགས་པ་དང་། ཡུན་རིང་མ་སོང་གོང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག་སྐབས་གསར་པའི་རྒྱལ་ཁབ་ལས་ཁུངས་ཀྱི་འགོ་ཁྲིད་པ་བདམས་ཐོན་བྱུང་བ་དང་། ཀྲུང་གོའི་ཏང་དང་། རྒྱལ་ཁབ། མི་དམངས་བཅས་སྔར་བྱུང་མ་མྱོང་བའི་མཐུན་སྒྲིལ་ཐུབ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོའི་སྐབས་གསར་པའི་སྲིད་གཞུང་གིས་ཀྲུང་ཨུའི་ཕྱོགས་ཡོངས་འཐབ་ཇུས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱས་ནས་ཨུ་རུ་སུ་ཕྱོགས་དང་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གི་ཙུང་ལི་དུས་བཀག་ལྟར་ཞལ་འཛོམས་གནང་བ་སོགས་ལམ་སྲོལ་ཅན་གྱི་འགྲོ་འོང་ཐབས་ལམ་བརྒྱུད་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་དམིགས་ཚད་གསར་པ་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་སྟེ་གྲུབ་འབྲས་གསར་པ་དེ་བས་མང་བ་ཐོབ་པ་བྱེད་འདོད་ཡོད།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ན་ནིང་ནས་བཟུང་རྙོག་འཛིང་ཆེ་བའི་ཕྱི་ཕྱོགས་ཁོར་ཡུག་གི་མདུན་དུ་ཀྲུང་ཨུའི་ཕྱོགས་ཡོངས་ཀྱི་དངོས་སྒྲུབ་མཉམ་ལས་ཀྱི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། ཀྲུང་གོས་ལོ་13བསྟུད་མར་ཨུ་རུ་སུའི་ཚོང་དོན་རོགས་ཟླའི་རྒྱལ་ཁབ་ཆེ་གྲས་ཀྱི་གནས་བབ་བརྟན་པོར་བཟུང་ནས་རྒྱལ་ཁབ་གཉིས་པོའི་ནུས་རྒྱུའི་མཉམ་ལས་རྒྱུན་མཐུད་ངང་ཟབ་ཏུ་ཕྱིན་པ་དང་། འཐབ་ཇུས་རང་བཞིན་གྱི་རྣམ་གྲངས་ཆེན་པོར་སྐུལ་འདེད་ཏན་ཏིག་ཐེབས་པ། མི་ཆོས་རིག་གནས་དང་ས་གནས་དབར་གྱི་སྤེལ་རེས་དེ་བས་ཟབ་ཏུ་ཕྱིན་ཡོད།

        སྨི་ཧྲུའུ་སི་ཅིང་གིས། དེ་རིང་ངས་ཨུ་རུ་སུ་སྲིད་གཞུང་གི་ནང་བློན་གྱི་ཁོངས་མི་གཙོ་བོ་ཚང་མ་ཁྲིད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཇལ་འཛོམས་གནང་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་གནང་བར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ་རྒྱུ་ཡིན། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མ་འཇོག་ཚོང་དོན་དང་། ནུས་རྒྱུ། རང་བྱུང་སོལ་རླངས། ཞི་བའི་ངང་རྡུལ་ཕྲན་ནུས་པ་སྤྱོད་པ། མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད། ཚན་རྩལ་གསར་གཏོད། རྒྱལ་སྒྲོལ་འགྲིམ་འགྲུལ་ཟོག་འགྲེམས་སོགས་ཁྱབ་ཁོངས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མཁོ་སྤྲོད་འཁོར་འབྲེལ་དང་ཐོན་ལས་འཁོར་འབྲེལ་གྱི་བདེ་འཇགས་དང་འབྲུ་རིགས་བདེ་འཇགས་འགན་ལེན་སོགས་ཀྱི་གནད་དོན་ཐད་འབྲེལ་གཏུག་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། ཕྱོགས་གཉིས་པོས་རིག་གནས་དང་། གཞོན་ནུ། ལུས་རྩལ་སོགས་མི་ཆོས་རིག་གནས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་སྔར་བས་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

        ཚའེ་ཆི་དང་། ཝང་དབྱི། ཆིན་ཀང་བཅས་དང་དེ་བཞིན་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ཙུང་ལི་གཞོན་པ་7སོགས་ཞུགས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1