2022ལོའི་ལྷོ་ཁ་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཕྱིར་མིག་བལྟས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 03-27


 ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཡར་ཀླུང་གཙང་པོ་དང་ཡར་ལྷ་ཤམ་ཆུ་སོགས་སྐྱེ་ཁམས་ཀྱི་བར་ཁྱམས་ཧུར་ཐག་བཏོད་དེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་གྱི་དཔེ་སྟོན་གྲོང་ཁྱེར་གཏོད་པའི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་བས་སྔོ་ལྗང་འདི་ཉིད་ཆེས་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཀྱི་གཞི་གདན་དུ་གྱུར་ཡོད། འདི་ནི་ཡར་ཀླུང་གཙང་པོའི་ལྷོ་ངོགས་ཀྱི་འགོག་སྲུང་ནགས་ཁུལ(སྣེ་གདོང་ཆུས་དུམ་བུ)དུ་སྔོ་ལྗང་གི་ལྕགས་རི་རིང་པོ་ཞིག་གིས་ཡར་ཀླུང་གཙང་པོ་སྲུང་བཞིན་པ་ལྟར་སྣང་།

 ལོ་གཅིག་སོང་རིང་། ནམ་མཁའ་དེ་བས་གཡའ་དག་པ། ས་གཞི་དེ་བས་རྡུལ་དག་པ། ཆུ་མོ་དེ་བས་དྭངས་ཤིང་གཙང་བ། ཁོར་ཡུག་དེ་བས་མཛེས་སྡུག་ལྡན་པ་བཅས་ཀྱི་སྐྱེ་ཁམས་བཟང་བའི་མཛེས་ལྗོངས་ཤིག་མངོན་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མུ་མཐུད་ཡག་པོ་བརྒྱབ་པས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་འཕེལ་རྒྱས་གསར་པ་བྱུང་ནས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་སྟེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

 འགོག་བཅོས་སྔོན་ལ་བཞག་པས——ནམ་མཁའ་གཡའ་དག་ཅིང་ཆུ་མོ་དྭངས་ཤིང་གཙང་བའི་སྐྱེ་ཁམས་བཟང་པོ་ཞིག་མངོན་པ།

 སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དེ་ཚན་རིག་དང་མཐུན་པའི་འགོག་བཅོས་ཀྱི་བྱ་ཐབས་ནུས་ལྡན་སྤྱད་པ་དང་ཁ་འབྲལ་ཐབས་མེད། འདས་ཟིན་པའི་ལོ་གཅིག་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་དམངས་འཚོའི་འགན་འཁྲི་ཕྲག་ཐོག་ཏུ་འཁུར་བ་དང་སེམས་སུ་བཅངས་ནས“ལོ་ལྔ་ཚན་བཅུ་བཞི་པའི”རིང“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་དང་། ཁྲའེ་ཡིའུ་སྣུམ་གྱི་ཟོག་འཁོར་གྱི་སྦགས་བཙོག་བཅོས་སྒྲིག“འགྱིག་སྙིགས་སྦགས་བཙོག”བཅོས་སྒྲིག ཞིང་ལས་དང་གྲོང་གསེབ་ཀྱི་སྦགས་བཙོག་བཅོས་སྒྲིག་བཅས་བྱེད་པའི་ལག་བསྟར་ཇུས་གཞི་དང་དེ་བཞིན་གཙོ་གནད་ཆུ་བོ་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་སོགས་བཟོས་ནས་ནམ་མཁའ་གཡའ་དག་པ་དང་། ཆུ་མོ་དྭངས་ཤིང་གཙང་བ། ས་གཞི་རྡུལ་དག་པ་བཅས་ཡོང་བའི་སྲུང་སྐྱོང་དམག་འཐབ་ནུས་ཤུགས་ཡོད་རྒུས་བརྒྱབ་ཡོད། ནམ་མཁའ་སྔར་བས་སྔོ་བ་ཡོང་ཆེད། འཕྲུལ་སྒུལ་འཁོར་རིགས་ཀྱི་དུ་རླངས་འབུད་ཚད་ཀྱི་ལྟ་སྐུལ་ཚོད་འཛིན་མ་ལག་གི་ཆ་འཕྲིན་ཅན་གྱི་ལས་སྟེགས་ལ་བརྟེན་ནས་འཕྲུལ་སྒུལ་འཁོར་རིགས་ཁྲི་10ལྷག་ཙམ་ལ་རྒྱང་ཚོར་ཞིབ་དཔྱད་ཚད་ལེན་དང་། ཞིབ་དཔྱད་ཚད་ལེན་ས་ཚིགས་ཀྱིས་འཁོར་རིགས་ཁྲི་1.74ལྷག་ཙམ་ལ་ཞིབ་དཔྱད་ཚད་ལེན་བྱས་པ་དང་། ཁོངས་གཏོགས་ཁུལ་གྱི་VOCSཁེ་ལས་ཀྱི་ཁོར་ཡུག་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་VOCSཁེ་ལས་201ལ་གྲལ་བཤེར་བྱས་པ་མ་ཟད། ལས་རིགས་ཀྱི་གོ་རིམ་བཞིན་ཁེ་ལས་18ལ་སྙིགས་རླངས་འཚོལ་བསྡུ་དང་སྦགས་བཙོག་འབུད་གཏོང་བྱེད་ཚད་སོགས་ཀྱི་ཞིབ་དཔྱད་ལས་དོན་བསྒྲུབས་ཡོད།

 ཆུ་མོ་སྔར་བས་དྭངས་གཙང་ཡོང་ཆེད། ཆུའི་ཁོར་ཡུག་ལ་ལེགས་བཅོས་ཤུགས་ཆེན་བྱས་ནས་བཙོག་འབུད་ཆུ་ཁ་89ལ་གྲལ་བཤེར་བཅོས་སྒྲིག་བྱེད་པར་མུ་མཐུད་སྐུལ་འདེད་བཏང་ནས་གནད་དོན་74བཅོས་སྒྲིག་བྱས་པ་དང་། འཐུང་ཆུའི་འགོ་ཁུངས་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཤང་དང་གྲོང་རྡལ་རིམ་པའི་ཆུའི་འགོ་ཁུངས་84ལ་གྲལ་བཤེར་བྱེད་པའི་ལས་འགན་བསྒྲུབས་པ། གྲོང་གསེབ་ཀྱི་བཙོག་ཆུ་གཙང་སེལ་ཚོད་ལྟའི་རྣམ་གྲངས་ཀྱི་གཙང་སེལ་སྒྲིག་ཆས་འཁོར་སྐྱོད་གནས་ཚུལ་ལ་བཀོད་གཏོང་བྱས་ནས་གནད་དོན་དག་ཐེར་ཡོ་བསྲང་ལ་སྐུལ་འདེད་བཏང་ཡོད།

 ས་གཞི་སྔར་བས་ལྗང་བ་ཡོང་ཆེད། ས་རྒྱུའི་སྦགས་བཙོག་འགོག་བཅོས་ལ་ཤུགས་སྣོན་བརྒྱབ་ནས“འགྱིག་སྙིགས་ཀྱི་བཙོག་སྐྱོན”བཅོས་སྐྱོང་དང་ཞིང་ལས་དང་གྲོང་གསེབ་ཀྱི་སྦགས་བཙོག་བཅོས་སྐྱོང་གི་ལག་བསྟར་ཇུས་གཞི་བཟོས་ནས་2022ལོ་འཁོར་གྱི་ས་རྒྱུའི་སྦགས་བཙོག་གཙོ་གནད་ལྟ་འདོམས་ཁེ་ལས་22ཀྱི་མིང་གཞུང་འཐུས་སྒོ་ཚང་དུ་བཏང་བ་དེས། བོད་ལྗོངས་ཧྭ་ཡུས་མ་རྐང་ཚད་ཡོད་ཀུང་སིས་ཞ་ཉེ་དང་། དངུལ་ཆུ། ཁད། ཁིར། སེན་བཅས་ཀྱི་ལྕི་བའི་ལྕགས་རིགས་5ཡི་སྦགས་བཙོག་དངོས་པོ་འབུད་ཚད་ལ་ལྟ་ཞིབ་ཚད་ལེན་བྱས་པར། བརྟག་དཔྱད་བྱས་འབྲས་ཚང་མ་འབུད་གཏོང་ཆོག་པའི་ཚད་གཞིར་སླེབས་པ་མ་ཟད། ལྷོ་ཁ་གྲོང་ཁྱེར་གྱིས་ད་དུང་ཟོག་རོ་ཐོན་སྐྱེད་ཚན་པ་65དང་གཉེར་སྐྱོང་ཚན་པ་1ལ་ཚད་ལྡན་ཅན་གྱི་དོ་དམ་དཔྱད་དཔོག་ལས་དོན་བསྒྲུབས་པ་དང་། ཁེ་ལས་3གྱི་གཏེར་སྙིགས་གསོག་མཛོད་དང་ཉེ་འཁོར་གྱི་སྤྱི་ལེ་5ཡི་ཞིང་སྤྱོད་ས་ཞིང་དང་ཆུ་ཡུར་མཐིལ་གྱི་འདམ་བག་ལ་གྲལ་བཤེར་དང་ཞིབ་དཔྱད་ཚད་ལེན་བྱས་པ། ཉེན་ཆེའི་ཟོག་རོར་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཁྱེར་བརྒལ་ནས་ཉེན་ཆེའི་ཟོག་རོ་ཏུན་375.56དབོར་བ་དང་གཙང་སེལ་བྱས་པ། སྨན་བཅོས་ཟོག་རོ་ཏུན་652.5མེར་བསྲེགས་ནས་གཙང་སེལ་བྱས་པ་སོགས་ཀྱི་བྱ་ཐབས་རབ་དང་རིམ་པ་སྤྱད་པས། འབྱུང་འཕྲོད་ཀྱི་གདེང་གཞི་སྔར་བས་ཆེ་རུ་ཕྱིན་ཡོད།

 བྱ་སྤྱོད་སྤེལ་ནས་འཕྲལ་དུ་བཅོས་སྒྲིག་བྱས་པས —སྐྱེ་ཁམས་ཁོར་ཡུག་གི་གནད་དོན་དག་ཐེར་ཡོ་བསྲང་ལ་སྐུལ་མ་ཐེབས་པ།

 ལྷོ་ཁ་གྲོང་ཁྱེར་གྱིས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གི་ཚུར་ལན་གནད་དོན་དག་ཐེར་ཡོ་བསྲང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་སུ་གཏོང་བ་ལྟེ་བར་བྱས་ཏེ། གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་རྩ་ལག་མཉམ་བཅོས་མངོན་གསལ་དོད་པོར་བཞག་སྟེ། བྱ་ཐབས་ནུས་ལྡན་སྤྱད་པ་དང་། བྱ་ཐབས་ནན་པོས་དཀའ་གནད་སེལ་བ། ཟིལ་ཤུགས་ཆེན་པོས་ཁོར་ཡུག་གི་སྦགས་བཙོག་ལ་ཁ་གཏད་བཅག་ནས་དག་ཐེར་ཡོ་བསྲང་གི་ལས་འགན་ཁག་ཚང་མ་གཏན་འཁེལ་བའི་དུས་ཚོད་ནང་རིམ་པས་སྒྲུབ་པ་འགན་ལེན་བྱས་ཡོད།

 ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་བཞི་པའི་ཚུར་ལན་གནད་དོན་དང་ཡིག་འབུལ་ཞུ་བཅར་ལ་རྩིས་སྤྲད་པའི་གྱོད་གཞིར་དམིགས་ཏེ། ལྷོ་ཁ་གྲོང་ཁྱེར་གྱིས་དུས་ཐོག་ཏུ་དག་ཐེར་ཡོ་བསྲང་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་སྒྲིག་གཞི་འཕྲལ་མར་བཙུགས་ནས་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར་མཉམ་དུ་འཐབ་སར་བསྐྱོད་པ་དང་མཉམ་དུ་དོ་དམ་བྱས་ནས་རང་རྟོགས་ངང་དག་ཐེར་ཡོ་བསྲང་གི་འབྲེལ་ཡོད་ལས་དོན་ལ་ལྟ་སྐུལ་བྱས་ཡོད། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་བཞི་པ་བཅའ་སྡོད་བྱེད་རིང་། རིམ་རྩིས་བྱས་ན་གྲོང་ཁྱེར་ལ་ཡིག་འབུལ་ཞུ་བཅར་གྱི་གྱོད་དོན་44རྩིས་སྤྲད་ཅིང་། མིག་སྔའི་བར། ཡིག་འབུལ་ཞུ་བཅར་གྱི་གྱོད་དོན་36ཐག་བཅད་ཟིན་པ་དང་3རིམ་པས་སྒྲུབ་ཀྱི་ཡོད་པ། གྲོང་ཁྱེར་ལ་གནད་དོན་24བརྡ་ལན་སྤྲད་པ་དང་དག་ཐེར་ཡོ་བསྲང་བྱས་ནས་ཐོ་སུབ་པའི་ལས་རིམ་4སྒྲུབ་བཞིན་ཡོད།

 དེ་དང་ཆབས་ཅིག་ལྷོ་ཁ་གྲོང་ཁྱེར་གྱིས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གི་དག་ཐེར་ཡོ་བསྲང་གོ་སྐབས་སུ་མཐའ་འཁྱོངས་བཟུང་སྟེ། རི་ཆུ་ནགས་གསུམ་དང་། ཞིང་ཁ། མཚེའུ། རྩྭ་ཐང་། བྱེ་ཐང་། འཁྱགས་རོམ་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་བཅོས་སྐྱོང་མཐའ་འཁྱོངས་བྱས་ཏེ། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གིས་བརྡ་ལན་སྤྲད་པའི་གནད་དོན་དང་། དཔེ་མཚོན་གྱི་གྱོད་གཞི་བརྡ་ཁྱབ་བཏང་བའི་གནད་དོན། མང་ཚོགས་ཀྱིས་ཡིག་འབུལ་ཞུ་བཅར་བརྒྱུད་ཞུ་གཏུག་ཐེར་འདོན་བྱས་པའི་གནད་དོན། དེ་བཞིན་ལོ་རྒྱུས་ཐོག་ཐག་གཅོད་མ་ཐུབ་པའི་གནད་དོན་བཅས་ལ་དམིགས་ཏེ། ཕྱོགས་ཡོངས་ནས་གསེད་བཀྲོལ་དང་། ཟུར་བལྟས་ལེབ་མཐོང་། ཕྱོགས་བསྡུས་ཀྱིས་ཐབས་ཇུས་འདོན་པ་བཅས་བྱས་ཏེ། བྱེ་བྲག་གི་གནད་དོན་ཁྲོད་ནས་ཐུན་མོང་གི་ཞན་ཆ་བཙལ་ཏེ་གནས་གཅིག་ནས་ཁྱོན་ཡོངས་ལ་ལྟ་བའི་དག་ཐེར་ཡོ་བསྲང་ལ་དམ་འཛིན་བྱས་ཏེ་སྐྱེ་ཁམས་ལ་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཀྱི་གནད་དོན་ཡོ་བསྲང་མཐར་ཕྱིན་དང་གནད་འཁེལ་ལ་སྐུལ་འདེད་བཏང་ཡོད།

 མུ་མཐུད་ཤུགས་སྣོན་བརྒྱབ་པས —འབྱུང་འཕྲོད་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་པ་འཕེལ་བ།

 ལོ་གཅིག་སོང་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་ལེན་ཧུར་ཐག་བསྟར་ནས། ཏང་འཛུགས་སྐྱོང་གིས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་བ་དང་ཐབས་མང་མཉམ་སྤྱོད་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་པར་སྐུལ་འདེད་ཤུགས་ཆེན་བཏང་ཡོད།

 “ཁྲིམས་སྒྱུར་སྦྱོང་བརྡར་ཆེན་པོའི”བྱེད་སྒོ་མུ་མཐུད་སྤེལ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་སྒྱུར་དཔུང་ཁག་ཧྲག་པོ་ཞིག་བཏོད་དེ་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཀྱི་སྣེ་ཁྲིད་ནུས་པ་ཏན་ཏིག་བཏོན་ཡོད། “མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས”ཀྱི་བྱ་ཐབས་ལ་བརྟེན་ནས་ཁེ་ལས་203ལ་ལྟ་སྐུལ་ཞིབ་བཤེར་བྱས་ནས་ཁྲིམས་འགལ་བྱེད་སྤྱོད་ཡོ་བསྲང་གི་བཀའ་རྒྱའི་ཆོད་ཡིག་32སྤྲད་པ། ཁེ་ལས་14གྱོད་དོན་ཐོ་འགོད་ཀྱིས་ཞིབ་བཤེར་ཐག་གཅོད་བྱས་པ་མ་ཟད། “12369”ཁོར་ཡུག་གི་ཡིག་འབུལ་ཞུ་བཅར་གྱི་ཐེར་འདོན་ལས་སྟེགས་བདེ་བླག་ངང་གཉེར་ནས་ཆུ་ཚོད་24རིང་ལས་རེས་བྱས་པ་དང་། ཐེར་འདོན་གྱོད་གཞི་45ཐག་གཅོད་བྱས་ཏེ་དོན་དག་ཚང་མར་འདི་བྱས་འདི་མིན་གྱི་ལན་གསལ་པོ་བརྒྱབ་ཡོད།

 གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས། ཐོན་ཁུངས་ཁོར་ཡུག་གི་རྒྱུ་རྐྱེན་གཙོ་བོའི་དཀའ་གནད་ཧུར་ཐག་བསལ་བ་དང་ལྷོ་ཁ་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་གཅིག་གྱུར་གྱི་རང་བཞིན་དང་། སྤྱི་ཡོངས་ཀྱི་རང་བཞིན། མཐུན་སྦྱོར་གྱི་རང་བཞིན་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་སྟབས། ནམ་མཁའ་སྔོ་ཞིང་ཆུ་མོ་དྭངས་བའི་སྐྱེ་ཁམས་ཁོར་ཡུག་གི་རྣམ་པ་ཡག་པོ་ཞིག་མངོན་བཞིན་མཆིས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1