ལི་ཐང་རྫོང་གི་ཨང་ཀིའི་དཔལ་འབྱོར་གྱིས་འཕེལ་རྒྱས་ སྤུས་ཚད་མཐོན་པོ་ཡོང་བར་ནུས་པ་བསྩལ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 03-27


དེང་རབས་ཞིང་ལས་སྒྲིག་ཆས་ཀྱིས་ཞིང་པའི་ཡོང་འབབ་འཕར་ཐབས་བྱས།

        ཤ་སྐམ་འདི་ནི་རང་བྱུང་རྩྭ་དང་དྭངས་གཙང་གི་ཆུ་བོ་འཐུང་ནས་ཤ་ཤེད་རྒྱས་པའི་གནག་ཕྱུགས་ཀྱི་ཤ་ཡིས་བཟོས་པས་འཛད་སྤྱོད་པ་མང་པོའི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད། བསྲུབས་ཇ་འདི་ནི་གནས་འདིའི་མི་རྣམས་ཀྱིས་ཉིན་རྒྱུན་འཐུང་གི་ཡོད་ཅིང་། དེ་ནི་ལེགས་བཅོས་བྱས་ཏེ་སྟབས་བདེའི་ཁུག་མའི་ནང་དུ་བླུགས་ཡོད་པས་ཆུ་ཁོལ་གྱིས་སྦངས་ཙ་ན་བྲོ་བ་ཞིམ་པའི་བསྲུབས་ཇ་འཐུང་ཆོག་ཅེས་སྤྱི་ཟླ3པའི་ཚེས19ཉིན་ལི་ཐང་རྫོང་གི་མཐོ་སྒང་ཞེས་པའི་འཁྱུག་དབྱིངས་འཕྲིན་སྟེགས་སུ་ཕེང་ཧྥེ་ཤ་སྐམ་དང་སྨི་ཆི་ཆི་བསྲུབས་ཇ་སོགས་ས་གནས་དེ་གའི་དམིགས་བསལ་ཐོན་རྫས་འགྲེམ་ཚོང་བྱེད་ཀྱི་འདུག།

        ལི་ཐང་ནི་སི་ཁྲོན་ནུབ་རྒྱུད་མཐོ་སྒང་གི་གྲང་ངར་ཆེ་བའི་འབྲོག་ཁུལ་དུ་གནས་པ་དང་ཆ་སྙོམས་མཚོ་འཕགས་སྨི4300ལྷག་ཡོད། ས་བབ་མཐོ་བའི་གནམ་གཤིས་དང་དྭངས་གཙང་གི་མཁའ་རླུང་། སྦགས་བཙོག་མེད་པའི་ས་རྒྱུ། དྭངས་གཙང་གི་ཆུ་ཁུངས། ཉི་འོད་འདང་ངེས་བཅས་ཀྱིས་སྐྱེ་ལྡན་རང་བྱུང་ཞིང་ལས་ཐོན་རྫས་ཐོན་སྐྱེད་བྱེད་པར་ཐུན་མོང་མ་ཡིན་པའི་ལེགས་ཆ་བཏོད་ཡོད། ལི་ཐང་མཚོ་གསུམ་དེང་རབས་ཁྱད་ལྡན་ཞིང་ལས་གླིང་ཁུལ་ནས་ཐོན་པའི་ལ་ཕུག་དང་ལྡུམ་སྒོང་། ཤིང་འབྲས་ཀུབ་སེར། དབྱར་དུས་འབྲི་ཏ་ས་འཛིན་སོགས་མཐོ་སྒང་གི་ཞིང་ལས་ཐོན་རྫས་དག་གློག་རྡུལ་ཚོང་ཁང་གི་ལས་སྟེགས་བརྒྱུད་དེ་ཕྱིར་བཙོངས་པར་ཚོང་ཧ་ཅང་བྲིན་ནས་མཁོ་སྤྲོད་ཀྱི་ཚད་སྐོང་མི་ཐུབ་པ་བྱུང་། ལ་ཕུག་སྐམ་པོ་སོགས་ལས་སྣོན་ཞིབ་ཚགས་བྱས་པའི་ཞིང་ལས་ཐོན་རྫས་ལྗར་པན་སོགས་རྒྱལ་སྤྱིའི་ཁྲོམ་རར་ཕྱིར་འཚོང་བཞིན་ཡོད་པ་རེད།

        ཨ་ལི་སོགས་གློག་རྡུལ་ཚོང་དོན་ལས་སྟེགས་དང་མཉམ་ལས་བྱས་ནས་ཐད་ཀར་ཉོ་སྒྲུབ་ཆོག་པའི་ཐོག་ནས་སྡེབ་ཚོང་མི་དགོས་ཤིང་། ཕན་འབྲས་ཆེ་བའི་ཐོན་སྐྱེད་དང་བྲིན་ཚོང་འབྲེལ་མཐུད་ཐུབ་པ་དང་། ད་དུང་ཨང་ཀི་ཆེན་པོའི་བྲིན་ཚོང་ལ་བརྟེན་ནས་ཐོན་རྫས་གཏན་འཁེལ་དང་ཐོན་རྫས་སྤུས་ལེགས་བཟོ་བ་མངོན་འགྱུར་བྱུང་ཡོད། ས་བབ་མཐོ་ཚད་སྨི4014ལ་ཟིན་པའི་ལི་ཐང་རྟེན་གཞི་ནི་ད་སྔར་རྒྱལ་ནང་གི་ཨ་ལི་ཡི་ས་བབ་མཐོ་ཤོས་ཀྱི་ཨང་ཀིའི་ཞིང་ལས་རྟེན་གཞི་དེ་རེད།

        ལི་ཐང་གནག་ཕྱུགས་ཐོན་ལས་དེང་རབས་ཞིང་ལས་གླིང་ཁུལ་དུ་གང་སར་ཚན་རྩལ་གྱི་རྣམ་པ་མངོན་ཡོད་ལ། ཟོག་ཁང་ནང་དུ་དྲོད་བརླན་གཏན་ལ་ཕབ་པའི་རིག་ནུས་ཅན་གྱི་དོ་དམ་ཚོད་འཛིན་བྱེད་བཞིན་ཡོད། འདི་གའི་གནག་ཕྱུགས་རེ་རེར་ནང་དུ་ཐོན་སྐབས་རིག་ནུས་མཐའ་སྣེ་རེ་འདོགས་པ་རེད། དེ་ནི་གནག་ཕྱུགས་དེའི་ལོ་ཚད་དང་གཟུགས་པོའི་ལྗིད་ཚད། ཕོ་མོ་བཅས་དང་དེ་བཞིན་རྗེས་མཐུད་དོ་དམ་དང་ནད་འགོག་བཅོས། གསོ་སྤེལ། བཤས་གཏོང་བ་སོགས་ཀྱི་ཆ་འཕྲིན་ཟིན་ཐོར་བཀོད་དེ་འགོ་ནས་བཟུང་བརྒྱུད་རིམ་ཧྲིལ་པོར་རྗེས་འདེད་དང་ཆ་འཕྲིན་ཅན་གྱི་དོ་དམ་མངོན་དུ་གྱུར་པ་རེད། གླིང་ཁུལ་གྱི་འགན་འཁུར་བ་ཀྲོའུ་པིན་གྱིས་ཟོག་རའི་ནང་བརྙན་ལམ་ལྟ་སྐུལ་ཚོད་འཛིན་མ་ལག་དང་དེ་བཞིན་ཁོར་ཡུག་ལྟ་ཞིབ་ཚད་ལེན་སྒྲིག་ཆས་ཡོད་པས་དྲོད་ཚད་དང་། བརླན་ཚད། ཉི་འོད། དབྱང་གཉིས་ཐཱན་རྫས། ཟི་ཆིང་རྫས། ཨན་དབུགས་སོགས་ཀྱི་ཨང་ཀིར་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱེད་ཆོག་གི་ཡོད། གསོ་ཚགས་མི་སྣས་མཐའ་སྣེའི་ཨང་ཀིར་བརྟེན་ནས་ཚན་རིག་དང་མཐུན་པའི་སྒོས་གསོ་ཚགས་བྱེད་ཆོག་གི་ཡོད་ཅེས་བཤད་པ་རེད།

        ལི་ཐང་རྫོང་གིས་ཨང་ཀིའི་ཞིང་ལས་བཀོལ་སྤྱོད་གསར་གཏོད་རྟེན་གཞི་ཤུགས་ཡོད་རྒུས་སྐྲུན་པ་དང་། ཨང་ཀི་ཅན་གྱི་ཞིང་ཁའི་འདེབས་འཛུགས་དོ་དམ་ལ་སྐུལ་འདེད་བཏང་སྟེ་མུའུ2000ཡི་ཨང་ཀི་ཞིང་ལས་ཞིང་ཁའི་འདེབས་འཛུགས་ཚོད་ལྟ་བྱེད་གནས་བསྐྲུན། རིག་ལྡན་འབྲོག་ར་བསྐྲུན་ནས་ཧོ་སྙི་ཡུལ་ཤོག་ཨང་ཀི་ཆེན་མོའི་ཉོ་ཚོང་ལྟེ་གནས་ལྟེ་བར་བྱས་ཏེ་ནོར་གནག་གི་རིགས་རྒྱུད་ཁུངས་འདེད་མ་ལག་བསྐྲུན་ནས་ནོར་གནག་ཁྲི་གཅིག་ལ་གློག་རྡུལ་རྣ་རྟགས་བརྒྱབ་པ་དང་ཨང་ཀི་ཅན་གྱི་དོ་དམ་དཔེ་སྟོན་བྱས། ཨང་ཀི་ཅན་གྱི་ཞིང་ལས་ལག་རྩལ་གསར་གཏོད་དང་གཞན་སྒྱུར་ལ་སྐུལ་འདེད་བཏང་ནས་ཞིང་ལས་ཨང་ཀིའི་དཔལ་འབྱོར་སྐྱེད་སྲིང་དང་འཕེལ་རྒྱས་སུ་བཏང་།

        2022ལོར་ཨང་ཀིའི་ཐོག་ནས་ལི་ཐང་གི་ཞིང་ལས་དམིགས་བསལ་ཐོན་རྫས་མཐོ་སྒང་ནས་དེ་ལས་རྒྱ་ཆེ་བའི་ཁྲོམ་ར་རྒྱ་བསྐྱེད་གཏང་རྒྱུར་སྐུལ་འདེད་གཏོང་ཆེད། ཆན་ཐང་ཆུས་ལི་ཐང་རྫོང་རོགས་སྐྱོར་ལས་དོན་ཡན་ལག་རུ་ཁག་གི་མཐུན་སྦྱོར་དང་སྐུལ་འདེད་འོག། ཆན་ཐང་དང་ལི་ཐང་ཨང་ཀི་གློག་རྡུལ་ཚོང་པའི་ཐད་གཏོང་དཔེ་སྟོན་རྟེན་གཞིའི་ལས་གཞི་དེ་ལི་ཐང་རྫོང་དུ་དངོས་སུ་བཙུགས་པ་རེད།ཐད་གཏོང་རྟེན་གཞིའི་སྐུལ་ཁྲིད་ཕན་འབྲས་བརྒྱུད་ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་ཁྱབ་གདལ་དང་ཕྱིར་འཚོང་བ་དང་། ས་གནས་དེ་གའི་ཁེ་ལས་དང་། ཐོན་ལས། རིག་གནས་ཁྱབ་སྤེལ། སྤྱི་ཡོངས་ཀྱི་དཔལ་འབྱོར་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ནས་ལི་ཐང་རྫོང་གི་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོས་ནས་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱས་པ་རེད།རྟེན་གཞི་དེས་ལོ་གསུམ་ནང་ཁུལ་ཡོངས་ཀྱི་ཨང་ཀིའི་དཔལ་འབྱོར་ཐོན་ལས་ལྟེ་གནས་དང་། ཨང་ཀི་ཅན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་གཅིག་སྡུད་ཁུལ། ཐོན་ལས་དང་གྲོང་ཁྱེར་མཉམ་འདྲེས་འཕེལ་རྒྱས་བཅས་ཀྱི་ཚད་གཞི་གསར་པ་གཏོད་རྒྱུའི་བརྩོན་ལེན་བྱ་རྒྱུ་རེད།

        “སྔོན་ཆད་དབྱར་རྩྭ་དགུན་འབུ་རྐང་གཅིག་བཙོངས་ན་སྒོར་ཉི་ཤུ་སུམ་ཅུ་ལས་རག་གི་མེད། ད་ཆར་གྲོང་ཚོའི་དྲྭ་གྲགས་ཀྱིས་དྲིལ་བསྒྲགས་བྱས་པར་བརྟེན་དབྱར་རྩྭ་དགུན་འབུ་རྐང་གཅིག་ལ་སྒོར་ལྔ་བཅུ་དྲུག་ཅུ་རག་གི་ཡོད། ” 2022ལོའི་དབྱར་ཁར། དགེ་བསྙེན་གྲོང་རྡལ་གྱི་འབྲོག་མོ་དཔལ་ལྡན་སྒྲོལ་མས་བརྐོས་པའི་དབྱར་རྩྭ་དགུན་འབུ་དྲྭ་ཐོག་ནས་ཐད་གཏོང་བྱས་ཏེ་འཚོང་གི་ཡོད་པ་དང་ཉིན་རེར་ཁེ་སྤོགས་སྒོར་ཆིག་སྟོང་ཉིས་སྟོང་ལ་ཟིན་གྱི་ཡོད་པས་ལོ་སྔོན་མ་ལས་ཡོང་འབབ་ལྡབ་གསུམ་འཕར་བ་རེད། ད་ཆ་དབྱར་རྩྭ་དགུན་འབུ་ཉར་ནས་རུལ་འགྲོ་བའི་སེམས་ཁྲལ་མེད་པར་མ་ཟད། འགྲེམ་བརྡའི་འགྲོ་སོང་ཡང་སྤྲོད་མི་དགོས། ཐད་གཏོང་ལ་བརྟེན་ནས་ང་ཚོས་ཕྱུག་འགྱུར་གྱི་ཐབས་ལམ་གསར་པ་ཞིག་རྙེད་བྱུང་ཞེས་བཤད།

        བསྡོམས་རྩིས་བྱས་པར་གཞིགས་ན། 2022ལོར་དབྱར་རྩྭ་དགུན་འབུ་རྐོ་བའི་དུས་སྐབས། དགེ་བསྙེན་གྲོང་རྡལ་གྱི་དྲྭ་གྲགས་མཉམ་ལས་ཁང་གིས་དྲྭ་རྒྱའི་ཐོག་ནས་ཐད་གཏོང་བྱས་པས་དབྱར་རྩྭ་དགུན་འབུའི་སིལ་ཚོང་དངུལ་འབོར་སྒོར་ཁྲི370ལྷག་ལ་ཟིན་པ་རེད། དེའི་ནང་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི50ལྷག་ལ་ཟིན་པའི་དྲྭ་གྲགས་མཉམ་ལས་ཁང་གི་ཁོངས་མི5ཡོད་པ་དང་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི10ལས་བརྒལ་བའི་དྲྭ་གྲགས་མཉམ་ལས་ཁང་གི་ཁོངས་མི5ཡོད། ཕྱིར་ཚོང་གྲུབ་འབྲས་སྒོར་ཁྲི5ལ་ཟིན་པའི་དཔེ་སྟོན་དྲྭ་གྲགས10ལྷག་ཡོད་པས་ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་དེ་བས་རྒྱང་རིང་བ་དང་དེ་བས་མགྱོགས་པ། དེ་བས་ཡག་པ་བཅས་ཡོང་བ་བྱས་ཏེ་ཐད་གཏོང་ནས་དངོས་ཟོག་འཚོང་བ་དེ་དགེ་བསྙེན་གྲོང་རྡལ་གྱི་ཡུལ་སྡེ་དར་རྒྱས་གཏོང་བའི་སྒུལ་ནུས་གསར་པ་ཞིག་ཏུ་གྱུར་ཡོད་པ་རེད།

        2022ལོར་ལི་ཐང་གི་ཞིང་ལས་ཁྱད་ལྡན་ཐོན་རྫས་རིགས110ལྷག་ཅིང་ཏུང་སྒོ་རྩིས་ཚོང་ཁང་སོགས་དྲྭ་ཐོག་ལས་སྟེགས་སུ་བཙོངས་པ་དང་། ལི་ཐང་གི་ཞིང་ལས་ཁྱད་ལྡན་ཐོན་རྫས་དྲྭ་ཐོག་དང་དྲྭ་ཕྱིའི་བྲིན་ཚོང་བྱེད་ཚད་སྒོར་ཁྲི8000ལྷག་ལ་ཟིན་ནས་ཚོང་དོན་འཁོར་རྒྱུག་རྒྱུན་མཐུད་ངང་འཁྲུག་ཆ་དོད་པོར་ཕྱིན་ཡོད་པ་རེད། རྗེས་མར་ལི་ཐང་རྫོང་གིས་ཨང་ཀིའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཨང་ཀིའི་དཔལ་འབྱོར་ཁུལ་གྱི་སྦྲེལ་ཐག་ལས་གཞི་ནང་འདྲེན་དང་། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་ཆ་ཚང་མཉམ་འདྲེས་འོག་གི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཀྱི་སིལ་ཚོང་བྱེད་སྟངས་གསར་པ་བཏོད་དེ་ཨང་ཀིའི་ཐོག་ནས་གྲོང་ཁྱེར་འཛུགས་སྐྲུན་མགྱོགས་སུ་གཏང་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1