ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 03-27



        རྒྱལ་སྲིད་སྤྱི་ཁྱབ་ཁང་གི་2023ལོའི་གཙོ་གནད་ལས་དོན་ལས་བགོས་གཏན་འཁེལ་བྱས་པ་དང་། དུས་ མཚམས་རང་བཞིན་གྱི་ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་ཁག་གཅིག་ཞིབ་འཇུག་བྱས་ནས་ལེགས་སུ་དང་འཐུས་སྒོ་ཚང་དུ་བཏང་བ། “ཞིང་གསུམ”གྱི་གཙོ་གནད་ལས་འགན་གྱི་ལས་ཀའི་ཇུས་གཞིར་གྲོས་ཞིབ་བྱས་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་ཚུལ་སྐོར་གྱི་སྙན་ཞུ་ཉན་པ།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་24ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག རྒྱལ་སྲིད་སྤྱི་ཁྱབ་ཁང་གི་2023ལོའི་གཙོ་གནད་ལས་དོན་ལས་བགོས་གཏན་འཁེལ་བྱས་པ་དང་། དུས་མཚམས་རང་བཞིན་གྱི་ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་ཁག་གཅིག་ཞིབ་འཇུག་བྱས་ནས་ལེགས་སུ་དང་འཐུས་སྒོ་ཚང་དུ་བཏང་བ། “ཞིང་གསུམ”གྱི་གཙོ་གནད་ལས་འགན་གྱི་ལས་ཀའི་ཇུས་གཞིར་གྲོས་ཞིབ་བྱས་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་ཚུལ་སྐོར་གྱི་སྙན་ཞུ་ཉན་པ་རེད།

        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་། མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་བཅས་གཞིར་བཟུང་། ཚོགས་འདུའི་ཐོག འདི་ལོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱོགས་10ཡི་གཙོ་གནད་ལས་དོན་ཁག་103གཏན་འཁེལ་བྱས་པ་དང་འབྲེལ། འགན་འཁྲིའི་ཚན་པ་དང་ལེགས་སྒྲུབ་དུས་བཀག་རེ་རེ་བཞིན་ཁ་གསལ་བཟོས་པ་རེད། ཚོགས་འདུའི་ཐོག སྡེ་ཚན་ཁག་དང་ཚན་པ་ཁག་ལ་ལས་བགོས་བརྒྱབ་པར་ཞིབ་བསྡུར་བྱས་ནས་སྲིད་ཇུས་བྱ་ཐབས་སྔར་བས་ཏན་ཏིག་དང་ཞིབ་ཕྲ་བཟོ་བ་དང་འཐུས་སྒོ་ཚང་ལ་ཞིབ་ཅིང་ཕྲ་བའི་ལག་བསྟར་ཇུས་གཞི་བཟོས་ནས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཏན་ཏིག་བྱེད་དགོས་པ་དང་། ལས་ཀ་སྣེ་ཁྲིད་སྡེ་ཚན་གྱིས་འགན་འཁྲི་འཁུར་ཕོད་པར་བྱེད་པ་དང་འབྲེལ་ཡོད་སྡེ་ཚན་གྱིས་གཞོགས་འདེགས་ཧུར་ཐག་བྱས་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས་པ། དུས་བབ་འཕེལ་རྒྱས་ཀྱི་འགྱུར་ལྡོག་ལ་དོ་ཁུར་དམ་ཟབ་དང་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ་གཞི་རིམ་གྱི་གནས་ཚུལ་དང་གོང་ཞུ་བྱས་པར་གཞིགས་ནས་དུས་ཐོག་ཏུ་སྲིད་ཇུས་ལེགས་སུ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་གཙོ་གནད་ལས་དོན་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་ནན་བཤད་བྱས་པ་རེད།

        ཚོགས་འདུའི་ཐོག་གཏན་འབེབས་བྱས་དོན། དུས་མཚམས་རང་བཞིན་གྱི་ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་ཁག་གཅིག་རྒྱུན་མཐུད་དང་ལེགས་སུ་བཏང་ནས། སྔོན་དཔག་བརྟན་གཏོང་དང་ཡིད་ཆེས་སྔར་བས་ཆེ་རུ་གཏོང་དགོས་པའི་ནན་བཤད་བྱས་པའི་ནང་། ཆ་རྐྱེན་དང་མཐུན་པའི་ལས་རིགས་ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་གྱི་འགྲོ་གྲོན་དཔྱ་ཁྲལ་མ་འཇལ་གོང་རྩིས་བརྒྱབ་ནས་འཐེན་འཕྲི་བྱེད་པའི་བསྡུར་གྲངས་75%ནས་100%བར་མཐོ་རུ་གཏོང་རྒྱུའི་སྲིད་ཇུས་དེ་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་ཏུ་བརྩིས་ནས་ཡུན་རིང་ལག་བསྟར་བྱེད་རྒྱུ་དང་། ཟོག་འགྲེམས་ཁེ་ལས་ཀྱི་ཚོང་ཟོག་འབོར་ཆེན་མཛོད་ཉར་ཐད་སྤྱོད་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ས་ཆ་བེད་སྤྱོད་དཔྱ་ཁྲལ་ཕྱེད་ཀ་ལས་མི་བསྡུ་རྒྱུའི་སྲིད་ཇུས་དང་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་འགན་ལེན་དངུལ་ཉུང་གཏོང་སྲིད་ཇུས་2027ལོའི་ལོ་མཇུག་བར་མུ་མཐུད་ལག་བསྟར་བྱེད་རྒྱུ། ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་གི་ལོ་རེའི་ཁྲལ་འཇལ་དགོས་རིགས་ཀྱི་ཐོབ་ཆ་སྒོར་ཁྲི་100ལས་མི་བརྒལ་བའི་ཆ་ཤས་དེའི་ཐོབ་ཁྲལ་ཉུང་གཏོང་སྲིད་ཇུས་དང་ལས་ཤོར་དང་ལས་རྨས་འགན་བཅོལ་གྲོན་དངུལ་གྱི་ཚད་གཞི་དམའ་རུ་གཏོང་བའི་སྲིད་ཇུས་2024ལོའི་ལོ་མཇུག་བར་མུ་མཐུད་ལག་ལེན་བསྟར་རྒྱུ། འདི་ལོའི་ལོ་མཇུག་གོང་རྡོ་སོལ་ནང་འདྲེན་བྱེད་པར་ཁྲལ་ཚད་ཀླད་ཀོར་ལག་བསྟར་མུ་མཐུད་བྱེད་རྒྱུ་སོགས་ཚུད་ཡོད། གོང་གསལ་སྲིད་ཇུས་ལས་སྔོན་དཔག་བྱས་ན་ལོ་ལྟར་ཁུར་པོ་ཡང་དུ་གཏོང་བའི་གཞི་ཁྱོན་སྒོར་དུང་ཕྱུར་4800ལྷག་ཙམ་ཟིན་རྒྱུ་རེད། ཚོགས་འདུའི་ཐོག་སྲིད་ཇུས་དྲིལ་བསྒྲགས་དང་ངོ་སྤྲོད་ཡག་པོ་བྱས་ནས་སྲིད་ཇུས་སྒོ་རྩར་སྐྱེལ་བའི་ལས་དོན་ཧུར་ཐག་བསྒྲུབས་ཏེ་ཁེ་ལས་ལ་ལོངས་སྤྱོད་ཐུབ་རིགས་ལོངས་སྤྱོད་ཐུབ་པ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

        ཚོགས་འདུའི་ཐོག 《ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་དང་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་གཙོ་གནད་ལས་འགན་ལག་བསྟར་དོན་འཁྱོལ་བྱེད་རྒྱུའི་ལས་དོན་ཇུས་གཞིར》གྲོས་འཆམ་བྱུང་ཞིང་། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། རྩོལ་ཤུགས་ཆེར་བསྐྱེད་ཀྱིས“ཞིང་གསུམ”ལས་དོན་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པ་དང་། འབྲེལ་ཡོད་སྡེ་ཚན་དང་ཚན་པ་ཁག་གིས་འགན་འཁྲི་ཏན་ཏིག་འཁུར་བ་དང་འབྲུ་རིགས་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་ཞིབ་ཚགས་བྱས་ཏེ། ལོ་ཧྲིལ་པོའི་འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་རྒྱུན་འཁྱོངས་ཐུབ་པའི་འགན་ལེན་བྱེད་དགོས་པ། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། ཞིང་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

        ཚོགས་འདུའི་ཐོག དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་དེ་ནི་རང་རེའི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ལག་ལེན་རླབས་པོ་ཆེ་བསྟར་བ་དང་ལོ་ངོ་སྟོང་གི་ཕན་སྦྱར་ཞིག་རེད། ངེས་པར་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། མུ་མཐུད་ཕྱོགས་ཁག་གི་འགན་འཁྲི་ནན་དུ་དང་ཏན་ཏིག་གཏོང་བ་དང་། སྲིད་ཇུས་དང་ལས་དོན་དོན་འཁྱོལ་ལ་ཕྱོགས་ཡོངས་ནས་དམ་འཛིན་ཡག་པོ་བྱེད་པ། ཉམས་ཞན་ས་ཁུལ་དང་། གཙོ་གནད་མི་ཚོགས། འགག་རྩའི་ལྷུ་ཚིགས་བཅས་ལ་དམ་པོར་དམིགས་ཏེ་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་ཐེབས་པའི་མཐའ་ཚད་བརྟན་པོ་སྲུང་བ་བཅས་བྱེད་དགོས། འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་སྟོན་ཕྱོགས་ལ་ཤུགས་སྣོན་བརྒྱབ་སྟེ་ནོར་སྲིད་ཀྱི་རྒྱབ་སྐྱོར་དང་། རྣམ་གྲངས་བཀོད་སྒྲིག རོགས་སྐྱོར་སྲིད་ཇུས་བཅས་ཚང་མ་འཕེལ་རྒྱས་ལ་དམ་པོར་དམིགས་ཏེ་ཇུས་འགོད་དང་ལག་བསྟར་བྱེད་དགོས། བར་བརྒལ་དུས་སྐབས་ནང་གི་རོགས་སྐྱོར་སྲིད་ཇུས་གཙོ་བོ་སྤྱིའི་ཆ་ནས་བརྟན་པོ་ཡོང་བ་བྱས་ཏེ་བར་བརྒལ་དུས་མཚམས་རྗེས་ཀྱི་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལམ་སྲོལ་སྔ་ཙམ་ཇུས་འགོད་བྱེད་དགོས་པ་བཅས་ཀྱི་ནན་བཤད་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1