བོད་ལྗོངས་ཀྱིས“མི་ཆུ་ཞི་མཐུན”གྱི་སྐྱེ་ཁམས་མཛེས་སྡུག་བཏོད་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཤིན་ཧྭ་གསར་འགྱུར་ཁང་། སྤེལ་དུས། 03-28


 དཔྱིད་དུས་ཀྱི་ས་མཐོར་ཆུ་མོའི་དར་ཁ་རིམ་གྱིས་ཞིག་ནས་ཤར་ཕྱོགས་སུ་དལ་བུར་རྒྱུག་པ་དང་དཔྱིད་རླུང་སིལ་པོ་ལྡང་ཁར་བོད་ཀྱི་ཤར་ལྷོའི་ཕྱོགས་མཚམས་སུ་ཁམ་བུའི་མེ་ཏོག་ཁྲ་ཆིལ་ལེར་བཞད་དེ། ས་མཐོའི་ཡུལ་ལུང་གང་སར་དགུང་སྔོན་སྤྲིན་དཀར་དང་། ཆུ་མོ་དྭངས་ལ་སྔོ་ལྗང་གིས་བརྒྱན་པ། སྐྱེ་ཁམས་མཛེས་པ་བཅས་ཀྱི་ཡིད་དགའ་བའི་རྣམ་པ་མངོན་བཞིན་མཆིས།

 གཙང་པོ་དང་མཚོ་མང་ཞིང་། ཆུའི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པའི་བོད་ཀྱིས་ས་མཐོའི་སྐྱེ་ཁམས་མ་ལག་དང་། སྐྱེ་དངོས་སྣ་མང་གི་རང་བཞིན། དེ་བཞིན་མཐའ་འཁོར་ས་ཁུལ་གྱི་སྐྱེ་ཁམས་དོ་སྙོམས་བཅས་ཀྱི་ལས་འགན་གལ་ཆེན་ཁུར་ཡོད་ལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་ཀྱང་རེད།

 ཉེ་བའི་ལོ་ཤས་རིང་། ལྷ་སས“ཆུའི”ལས་དོན་ཡག་པོ་སྒྲུབ་པར་ཤུགས་སྣོན་བརྒྱབ་ཅིང་། 2013ལོ་ནས་བཟུང་ལྷ་ས་གྲོང་ཁྱེར་གྱིས་གོ་རིམ་ལྡན་པའི་ངང་ལྷ་ས་སྐྱིད་ཆུའི་གྲོང་ཁུལ་དུམ་བུའི་ཕྱོགས་བསྡུས་བཅོས་སྒྲིག་འདུ་འགོད་ལས་དོན་སྤེལ་བ་རེད། 2019ལོར་ལྷ་སས་ལྷ་ས་སྐྱིད་ཆུའི་གྲོང་ཁུལ་གྱི་ཕྱོགས་བསྡུས་བཅོས་སྒྲིག་དང་སྐྱེ་ཁམས་ཉམས་གསོའི་འདུ་འགོད་ལག་ལེན་བསྟར་ནས་ངོགས་སྲུང་དུམ་བུ་བདུན་གྱི་འདུ་འགོད་བཅོས་སྒྲིག་དང་འབྲེལ་ཆུ་བོའི་སྐྱེ་ཁམས་ཀྱི་ལྗོངས་གཟིགས་ཁང་བསྐྲུན་པ་རེད།

 ད་ཆ་ལྷ་ས་སྐྱིད་ཆུའི་ཆུ་མོ་དྭངས་ལ་ངོགས་གཉིས་སྔོ་ལྗང་གིས་བརྒྱན་པ་དང་ཆུ་ལམ་ནས་ཆུ་བོ་ཤང་ཤང་དུ་རྒྱུག་པ་མ་ཟད། སྤྱི་གླིང་ཡང་གང་སར་བསྐྲུན་ཡོད་པས། གྲོང་མི་འཆམ་འཆམ་དང་ལུས་སྦྱོང་ལ་སྟབས་བདེ་བསྐྲུན་ཡོད། 2018ལོར་བོད་ཀྱིས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་བཙུགས་ཏེ་བོད་ཀྱི་ཆུ་བོ་དང་མཚོ་ཚང་མར་དོ་དམ་བྱེད་མཁན་ཡོད། ལྷ་ས་སྐྱིད་ཆུའི་གྲོང་ཁུལ་དུམ་བུར་ཆུ་རགས་བདག་སྐྱོང་བ་40ལྷག་ཙམ་ཡོད་པ་ཁོ་ཚོས་ཉིན་ལྟར་ཆུ་ལམ་དུ་སྐོར་ཞིབ་དང་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་སྒྲུབ་ཀྱི་ཡོད། “ལྷ་ས་སྐྱིད་ཆུ་ནི་ལྷ་སའི་མ་ཡུམ་གཙང་པོ་ཡིན་པས་སྲུང་སྐྱོང་ཡག་པོ་བྱེད་དགོས”ཞེས་དག་སྐྱོང་བ་ལྷག་པ་ཚེ་རིང་གིས་བཤད།

 བོད་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་སས“ལེ་དབར་བརྒྱ་ཡི་སྐྱེ་ཁམས་སྔོ་ལྗང་བར་ཁྱམས”སྐྲུན་པ་དམིགས་ཚད་དུ་བྱས་ཏེ་ཆུ་བོ་དང་སྔོ་ལྗང་གིས་གྲོང་ཁྱེར་བརྒྱན་པར་བྱས་ཡོད། ལོ་རྒྱུས་ཀྱི་ཆུ་རྒྱུད་རིམ་བཞིན་སླར་གསོ་བྱུང་བ་དང་འབྱུང་འགྱུར་ལྷ་སར་ད་དུང“གཙང་པོ་གཉིས་དང་། བར་ཁྱམས་གསུམ། ཆུའི་དྲ་བ། མཚོ་གང་སར་ཁྱབ་པ”བཅས་ཀྱི་གྲོང་ཁྱེར་གྱི་ཆུ་རྒྱུད་གྲུབ་ཆ་སྐྲུན་གྱི་ཡོད། “འདི་ལོ་ལྷ་སས་གྲོང་ཁྱེར་གྱི་ཆུ་རྒྱུད་ལེགས་སུ་གཏོང་བའི་འདུ་འགོད་ལག་ལེན་བསྟར་ནས་ད་ཡོད་ཀྱི་ཆུ་རྒྱུད་ལ་ཕྱོགས་ཡོངས་ནས་སྒྱུར་བཀོད་རིམ་པ་སྤར་ཏེ་མང་ཚོགས་ཀྱི་ཐོབ་སྣང་དེ་བས་ཆེ་རུ་གཏོང་གི་ཡིན”ཞེས་ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་ཝང་ཆང་གིས་བཤད།

 ལྷ་སའི་གློ་བར་འབོད་པའི་ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ། ཉེ་བའི་ལོ་ཤས་རིང་སྐྱེ་ཁམས་སླར་གསོ་དང་ཆུ་རྒྱུད་བཅོས་སྒྲིག་སོགས་ཀྱི་བྱེད་ཐབས་ནུས་ལྡན་སྤྱད་པར་བརྟེན། འདམ་རའི་སྤྱིའི་རྒྱ་ཁྱོན་དང་ཆུ་ཁོངས་རྒྱ་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་སྐྱེ་ཁམས་མ་ལག་གི་ནུས་པ་སླར་གསོ་ཆེན་པོ་ཐུབ་ཡོད།

 “སྲོག་ཆགས་ནི་སྐྱེ་ཁམས་ཁོར་ཡུག་གི་ཆར་བརྟག་ཡོ་བྱད་ལྟ་བུ་རེད། འདམ་རའི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཕྱིན་པར་བརྟེན་ལོ་འདི་དག་ནང་འདམ་རར་དགུན་སྒྲོལ་ལ་སླེབས་པའི་བྱ་རིགས་ཀྱི་གྲངས་འབོར་དང་སྣ་ཁ་རྒྱུན་ཆད་མེད་པར་མང་དུ་ཕྱིན་ནས་ད་ཆ་འདམ་ར་ནི་དུས་བྱའི་དགའ་ཚལ་དུ་གྱུར་ཡོད”ཅེས་ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཉི་མ་རྡོ་རྗེས་བཤད།

 ཚང་ཚིང་གི་ནགས་ཚལ་དང་གཡང་གཟར་རི་བོ་མང་བའི་བྲག་གསུམ་མཚོ་ནི་ཀུན་གྱིས་མཐོང་ཆོས་སུ་གྱུར་བའི་ཉིང་ཁྲིའི་མཛེས་ལྗོངས་ལེགས་ཤོས་དེ་རེད།

 བྲག་གསུམ་མཚོའི་མཛེས་ལྗོངས་ཁུལ་དུ་གད་སྙིགས་རིགས་དབྱེའི་མཚོན་རྟགས་བྱང་བུ་དང་ཁོར་ཡུག་སྲུང་སྐྱོང་གི་མཚོན་རྟགས་མིག་ལམ་དུ་མངོན་ཞིང་། “མཛེས་ལྗོངས་ཁུལ་ནང་གི་གཉེར་སྐྱོང་རླངས་འཁོར་དང་གྲུ་གཟིངས་ཚང་མ་ནི་ཁོར་ཡུག་སྲུང་སྐྱོང་རྣམ་པའི་ནུས་རྒྱུ་གཙང་མའི་རླངས་འཁོར་དང་ཡུལ་སྐོར་གྲུ་གཟིངས་ཤ་སྟག་རེད། ཉིན་ལྟར་ཆེད་མིས་མཚོ་རྒྱུད་ཀྱི་གད་སྙིགས་གཙང་མ་འཕྱག་གི་ཡོད། མཛེས་ལྗོངས་ཁུལ་དུ་ད་དུང་བཙོག་ཆུ་གཙང་བསིང་བཟོ་གྲྭ་བཙུགས་ནས་ཉེ་འགྲམ་གྱི་བཙོག་ཆུ་དང་གད་སྙིགས་གཙང་མ་འཕྱག་གི་ཡོད”ཅེས་མཛེས་ལྗོངས་ཁུལ་གྱི་འགན་འཁུར་བས་ངོ་སྤྲོད་བྱས་བྱུང་།

 ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཆུ་བོ་དང་མཚོ་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཆུའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་ཡོད། གྲངས་གཞི་ལས་མངོན་པར། 2023ལོའི་ཟླ་དང་པོའི་ཟླ་མཇུག་བར་ཉིང་ཁྲི་གྲོང་ཁྱེར་གྱིས་ཆུ་བོ་དང་མཚོ་རྒྱུད་19སྲུང་སྐྱོང་དང་སྤྱོད་པའི་འཆར་འགོད་ལེགས་སྒྲུབ་བྱས་པ་དང་། ཆུ་བོ་དང་མཚོ་62ཀྱི་ཁྱབ་ཁོངས་གཏན་འཁེལ་བྱས་པ་མ་ཟད། བྲག་གསུམ་མཚོ་དཔེ་སྟོན་མཚོ་རུ་བྱས་ནས་དཔེ་སྟོན་ཆུ་བོ་དང་མཚོ་དེ་བཞིན་ཆུ་བོ་དང་མཚོ་དྭངས་གཙང་ཡོང་བའི་ལས་དོན་སྤེལ་བ་དང་འབྲེལ་མི་ཐེངས་ཁྲི་2ལྷག་ཙམ་བཏང་བ་དང་། ཆུ་བོ་དང་མཚོར་ཆེད་དོན་གཙང་སེལ་ཐེངས་729བྱས་པ། གད་སྙིགས་གཤོ་ས་254བཅོས་སྒྲིག་དང་གད་སྙིགས་ཏུན་321དབོར་བ་རེད།

 ཆུ་སྦགས་བཙོག་འགོག་བཅོས་ཀྱི་བྱ་སྤྱོད་འཆར་གཞི་ལག་བསྟར་ཤུགས་ཆེན་དང་། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ། ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་དང་འཐུང་ཆུའི་བདེ་འཇགས་འགན་སྲུང་ལ་མུ་མཐུད་ཤུགས་སྣོན། ཆུའི་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོར་སྐུལ་འདེད་གཏོང་བ་སོགས་ཆུ་སྲུང་སྐྱོང་གི་བྱེད་ཐབས་རིམ་བཞིན་དོན་འཁྱོལ་བྱས་ཡོད། བོད་ཀྱིས་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་བརྟན་པོར་བསྲུངས་ནས་སྔོ་ལྗང་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལམ་བུར་བསྐྱོད་དེ“མི་ཆུ་ཞི་མཐུན”གྱི་མཛེས་སྡུག་རྣམ་པ་ཞིག་བཏོད་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1