འཛམ་ཐང་རྫོང་གིས་དཔྱིད་རྨོའི་ས་བོན་རིན་མེད་ཀྱིས་འགྲེམ་གཏོང་བྱས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།རྔ་སྒྲ། སྤེལ་དུས། 03-28


        ཟླ་3ཚེས་21ཉིན་ནི་དཔྱིད་མཉམ་ཉིན་མོ་ཡིན་ལ། འཛམ་ཐང་རྫོང་རྐ་མདའ་གྲོང་རྡལ་གྱི་ཟླ་རུ་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་དུ་ནངས་སྔ་མོ་ནས་འུར་ཟིང་གིས་ཁེངས་འདུག འཛམ་ཐང་རྫོང་ཚན་རྩལ་ཞིང་ཕྱུགས་ཅུས་ཀྱིས་ཞོག་ཁོག་གི་ས་བོན་རྒྱ་མ་ཁྲི་ལྷག་རིན་མེད་ཀྱིས་བགོ་བའི་བྱ་བ་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་འདུག སྡེ་བ་སོ་སོས་ཞིང་ལས་རྒྱུ་ཆ་གྲ་སྒྲིག་བྱས་ནས་འཛམ་ཐང་གི་དཔྱིད་རྨོད་ཀྱི་ལས་དོན་གྲ་སྒྲིག་བྱེད་བཞིན་འདུག

        ཡུལ་དངོས་སུ་གཞོན་ནུའི་ལང་ཚོ་རྫོགས་པའི་སྡེ་དམངས་རྣམས་འཚང་ཁ་ཤིག་ཤིག་གིས་ཞོག་ཁོག་དབོར་བར་བྲེལ་བཞིན་འདུག་ལ། སྡེ་བའི་འགན་ཁུར་བས་སྡེ་བ་ཡོངས་ཁག་གསུམ་ལ་བགོས་ནས་ཁྱིམ་ཚང་རེའི་མི་རེ་ལ་ཞོག་ཁོག་གི་ས་བོན་རྒྱ་མ་བརྒྱད་རེ་བགོས་ནས། ཁྱིམ་ཚང་གཅིག་ཀྱང་མ་ལྷག་པར་ཞོག་ཁོག་གི་ས་བོན་ཐོབ་པར་ཁག་ཐེག་བྱས། སྡེ་མི་རྣམས་ཀྱིས་ཞོག་ཁོག་སྤར་བ་རེ་རེ་བཞིན་རང་གི་ཁུག་མར་བླུག སླེ་བོ་དང་ཁུག་མ། འཕྲུལ་རྟ། རླངས་འཁོར་སོགས་ཀྱིས་རང་ཁྱིམ་དུ་སྐྱེལ་ཞིང་། ཟླ་རུ་སྡེ་བ་ཡོངས་དཔྱིད་རྨོད་དང་སོ་ནམ་གྲ་སྒྲིག་ལ་སྤྲོ་དགའ་བའི་འཛུམ་གྱིས་ཁེངས།

        འཛམ་ཐང་རྫོང་ཚན་རྩལ་ཞིང་ཕྱུགས་ཅུས་ཀྱི་ལས་བཟོ་བ་ཚེ་རིང་ལྷ་མོས་ངོ་སྤྲོད་བྱས་པ་ལྟར་ན། ལོ་ལྟར་ཡུལ་གྲོང་སོ་སོའི་མཚོ་ངོས་མཐོ་ཚད་ལ་གཞིགས་ནས་ཟླ་བཞི་བའི་མགོ་ནས་ལྔ་བའི་བར་རྒྱུན་མཐུད་ཀྱིས་རྨོ་འདེབས་ཀྱི་ལས་ཀའི་མགོ་འཛིན་བཞིན་ཡོད། རྫོང་ཡོངས་ཀྱི་དཔྱིད་རྨོའི་གྲ་སྒྲིག་ལེགས་པར་ཡོང་ཆེད། རྫོང་ཚན་རྩལ་ཞིང་ཕྱུགས་ཅུས་ཀྱིས་ད་ལོ་ཡང་ཡུལ་ཚོ་དང་གྲོང་རྡལ་སོ་སོའི་ས་བབ་དང་ནམ་གཤིས་ལ་བསྟུན་ནས་ནས་ནག་གི་ས་བོན་ཏུན་75དང་ཞོག་ཁོག་གི་ས་བོན་ཏུན་180། ཀེ་ཚེའི་ས་བོན་ཏུན་1.7། ལུད་རྫས་ཏུན་76.5བཅས་རིན་མེད་ཀྱིས་མཁོ་སྤྲོད་བྱས་འདུག དེ་ལས་ནས་ནག་དང་ཞོག་ཁོག་ནི་རྫོང་ཡོངས་དང་། སྐེ་ཚེ་དང་ལུད་རྫས་ནི་བུག་རྗེ་དང་དར་ཁུག ཕོ་ཤུལ་དང་གཙང་ཁོག་བཅས་ཡུལ་ཚོ་བཞིའི་འདེབས་འཛུགས་ཀྱི་ཆ་རྐྱེན་དང་བསྟུན་ནས་བགོས་པ་རེད།

        གཞན་ས་བོན་ལེགས་བསྒྱུར་གྱིས་ཞིང་ལས་ཐོན་ཚད་ཇེ་མཐོར་གཏོང་བའི་ཆེད་དུ། ནས་ནག་དང་ཞོག་ཁོག་གི་ས་བོན་ལ་ན་ནིང་ནས་བཟུང་ས་བོན་ལེགས་བསྒྱུར་གྱི་མགོ་བརྩམས་ཤིང་། ཚན་ཆུང་བགོས་ནས་ཚོད་ལྟ་དང་བསྡུར་བ་བྱས་ཏེ་འཛམ་ཐང་གི་ཁོར་ཡུག་དང་གནམ་གཤིས་ལ་འཕྲོད་པའི་ས་བོན་བདམས་པས་སྲོལ་རྒྱུན་གྱི་ས་བོན་ཐོན་ཤུགས་དང་བསྡུར་ན་དཔལ་འབྱོར་གྱི་རིན་ཐང་ཆེན་པོ་ལྡན།

        ཉེ་བའི་ལོ་ཤས་ཀྱི་རིང་། འཛམ་ཐང་རྫོང་གིས་དབུལ་བྲལ་གནད་སྒྲོལ་དང་གྲོང་གསེབ་དར་རྒྱས་ཀྱི་ནུས་ལྡན་བྱ་བའི་དགོས་མཁོ་དང་བསྟུན་པ་དང་། ཐོན་ལས་འཕེལ་རྒྱས་ལ་དམིགས་ནས་སྲིད་གཞུང་གིས་ཉོ་སྒྲུབ་བྱས་པ་བརྒྱུད་རིན་མེད་དུ་ཀེ་ཚེ་དང་ཞོག་ཁོག་གི་ས་བོན་བྱིན་པ་དང་། བྱ་དགའི་ཚུལ་གྱིས་ས་བོན་སྦྱིན་པ། ཞིང་བའི་ཞིང་ལས་འཕེལ་རྒྱས་ལ་ཧུར་བརྩོན་གང་ལེགས་བྱེད་པ་དང་མཉམ་དུ་ལག་རྩལ་གསབ་སྦྱོང་བྱས་ནས་འདེབས་འཛུགས་ལག་རྩལ་ཞིང་ཁར་ཁྲིད་སྟོན་བྱས་ཏེ། དུས་ངེས་མེད་དུ་ཡུལ་དངོས་ཁྲིད་སྟོན་བྱས་ནས་ཞིང་བ་རྣམས་ཚན་རིག་དང་མཐུན་པའི་འདེབས་འཛུགས་ཐབས་རྩལ་དང་དོ་དམ་བྱེད་ཐབས་ལ་བྱང་བར་བྱས་ལ། འདེབས་འཛུགས་ཆུ་ཚད་མཐོར་འདེགས་ལ་རོགས་རམ་གྱིས་འདེབས་འཛུགས་ཕན་ཁེ་ཐོབ་པར་མ་ཟད། ཞིང་བའི་ཡོང་འབབ་འཕར་སྣོན་བཏང་ནས་འབྲུ་རིགས་ཐོན་ཚད་འགན་ལེན་ནུས་ལྡན་བྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1